དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་བྱས་ནས་ནུས་ཤུགས་ཡོད་རྒུས“གནས་ཚུལ་ཆེ་འབྲིང་ཆུང་གསུམ་མི་ཐོན་པའི”འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བཤད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་16ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཪྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། ཚོགས་འདུ་གྲོལ་རྗེས་ལྗོངས་ཡོངས་ཀྱི་སྡེ་ཚན་ཁག་གིས་འཕྲལ་དུ་ཚོགས་འདུ་འཚོགས་ཏེ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་རང་ཉིད་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ལས་དོན་ཁག་བཀོད་སྒྲིག་བྱས་པ་རེད།

        ཚེས་16ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་ཡི་བཀོད་སྒྲིག་ལ་གཞིགས་ནས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ལས་བཟོ་ཡོངས་ཀྱི་ཚོགས་ཆེན་འཚོགས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཪྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཚེས་16ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་གིས་གནང་བའི་གསུང་བཤད་བརྒྱུད་བསྒྲགས་གནང་བ་རེད། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་རྒྱུའི་ཐད་བླང་བྱ་གསུམ་བཏོན་པ་སྟེ། གཅིག་ནས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་གིས་དྲིལ་བསྒྲགས་པུའི་ལས་དོན་ཁག་བདེ་བླག་ངང་སྤེལ་རྒྱུ་དང་ནང་ཁུལ་གྱི་བརྟན་ལྷིང་འགན་ལེན་ཏན་ཏིག་བྱེད་དགོས་པ། གཉིས་ནས་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་། དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁག་གི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས “གནས་ཚུལ་ཆེ་འབྲིང་ཆུང་གསུམ་མི་ཐོན་པའི ”འགན་ལེན་ཏན་ཏིག་བྱེད་དགོས་པ། གསུམ་ནས་འཆར་འགོད་སྔ་ས་ནས་བྱས་ཏེ་ཚོགས་ཆེན་བཅོ་བརྒྱད་པའི་སློབ་སྦྱོང་དང་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་དགོས། སྤྱི་ཡོངས་ཀྱི་དྲིལ་བསྒྲགས་ཇུས་གཞི་བཟོ་རྒྱུར་དམ་འཛིན་བྱེད་པ་དང་། གསར་འགྱུར་དྲིལ་བསྒྲགས་འཕྲིན་སྤེལ་ལས་དོན་སྔ་ས་ནས་བཀོད་སྒྲིག་བྱེད་པ། གཞི་རིམ་ལ་ཕྱོགས་པ་དང་མང་ཚོགས་ལ་ཕྱོགས་པའི་དྲིལ་བསྒྲགས་བྱེད་སྒོའི་གྲ་སྒྲིག་ཧུར་ཐག་བྱེད་པ། བསམ་བློའི་རིག་གནས་འཐབ་ཕྱོགས་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་བརྒྱུད་བསྒྲགས་བྱེད་པའི་གྲ་སྒྲིག་ལས་དོན་ཡག་པོ་སྤེལ་བ་བཅས་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བ་བྱེད་དགོས།

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱེད་སྐབས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཞིབ་ཕྲའི་བླང་བྱ་དང་བཀོད་སྒྲིག་དང་ལེན་མཐའ་གཅིག་ཏུ་བྱས་ཏེ་གྲ་སྒྲིག་ཨང་བསར་དང་། ལས་གནས་བརྟན་སྲུང་། རང་འགན་གཙང་སྒྲུབ་བཅས་བྱ་རྒྱུ་ཡིན། བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ། ཚོགས་འདུའི་དགོངས་དོན་གྱི་ངོ་བོ་དོན་འཁྱོལ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ནས་ཐམས་ཅད་བརྟན་ལྷིང་ལ་བསྟུན་པ་དང་ཐམས་ཅད་བརྟན་ལྷིང་ལ་ཞབས་འདེགས་ཞུ་དགོས། ལས་ཀའི་སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་ནས “མི་ཐོན་པ་གསུམ ”གྱི་བརྟན་ལྷིང་སྲུང་སྐྱོང་དམིགས་ཡུལ་མངོན་འགྱུར་ཐུབ་པ་བྱེད་དགོས་པ་བཅས་རེད། ལྗོངས་ཏང་ཨུད་ཀྱིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་ནན་ཏན་ངང་དོན་འཁྱོལ་བྱས་ཏེ་ཚགས་པར་ལས་ཁུངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་། ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་དྲིལ་བསྒྲགས་འཕྲིན་སྤེལ་གྱི་སྔོན་ཇུས་འཐུས་ཚང་དུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་ལས་རེས་དང་སྣེ་ཁྲིད་ལམ་ལུགས་འཐུས་ཚང་དུ་གཏོང་བ། ནུས་ཤུགས་ཡོད་རྒུས་འགལ་བ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བྱེད་པ། དུས་ཐོག་ཏུ་བསལ་བ། བདེ་འཇགས་མིན་པའི་མངོན་མེད་རྐྱེན་ངན་སྣ་ཚོགས་ཐོག་མའི་དུས་ནས་བསལ་བ་བཅས་བྱེད་དགོས། འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་སྒྲིག་ལམ་ནན་པོ་དང་། འགན་འཁྲི་དོན་འཁྱོལ་དངོས་འབྲེལ་བྱེད་ཐུབ་པ་བྱེད་པ་དང་། རང་འགན་གཙང་སྒྲུབ་དང་ས་སྲུང་འགན་འཁྲི་ཡོད་པ་བྱས་ཏེ་མི་ཁ་ཤས་ཀྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་སེམས་ཁྲལ་མི་བྱེད་པ་དང་། བསམ་བློ་མི་གཏོང་བ། ལས་གནས་ལ་མི་བཀུར་བ། དོན་འཁྱོལ་མི་བྱེད་པ་བཅས་ཀྱི་སྣང་ཚུལ་གཏན་ནས་མི་ཐོན་པ་བྱེད་དགོས་པ་བཅས་བྱས་ནས་ཚོགས་ཆེན་བཅོ་བརྒྱད་པའི་སྔ་རྗེས་སུ་རང་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཞི་མཐུན་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

        རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་ཁོངས་གཏོགས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་ཡོངས་ཀྱིས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས། སེམས་ཁྲལ་གྱི་འདུ་ཤེས་བཅས་ཆེ་རུ་བཏང་ནས་མིག་སྔའི་སྤྱི་ཚོགས་ཀྱི་བདེ་འཇགས་དུས་བབ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། གནམ་གཤིས་ལས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། བརྟན་ལྷིང་ལས་དོན་ཡག་པོ་སྒྲུབ་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལས་ཀའི་བྱེད་ཤུགས་ཆེ་རུ་གཏོང་བ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་གི་ལས་རེས་དང་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་སྒྲུབ་མཉམ་འགོག་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་པའི་ནང་ཁུལ་གྱི་སྲུང་སྐྱོང་བྱ་ཐབས་དོན་འཁྱོལ་བྱེད་པ། གྲོང་ཚོར་བཅའ་སྡོད་ལས་དོན་གྱི་བརྟན་ལྷིང་སྲུང་སྐྱོང་འཕྲལ་སྡོམ་ལམ་སྲོལ་ཧུར་ཐག་འཛུགས་པ་སོགས་ཀྱི་ལས་དོན་ཐད་འབད་བརྩོན་བྱེད་པ་དང་ལེགས་སྐྱེས་ཧུར་ཐག་ཕུལ་ནས་རང་ཉིད་ཀྱི་སྒོ་ཡག་པོ་སྲུང་བ་དང་། རང་ཉིད་ཀྱི་མིར་དོ་དམ་ཡག་པོ་བྱེད་པ། རང་ཉིད་ཀྱི་ལས་ཀ་ཡག་པོ་སྒྲུབ་པ་བཅས་དངོས་འབྲེལ་བྱེད་ཐུབ་པ་བྱས་ནས་གནད་དོན་ཆེན་པོ་མི་ཐོན་པ་བྱེད་དགོས་ལ་གནད་དོན་འབྲིང་བ་ཡང་མི་ཐོན་པ་དང་གནད་དོན་ཆུང་ངུ་ཡང་མི་ཐོན་པའི་བརྩོན་ལེན་བྱས་ཏེ་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་བརྒྱབ་ནས་འཕེལ་རྒྱས་དང་བརྟན་ལྷིང་གི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཕྱག་རྟགས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།