དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆབ་མདོའི་ལས་དོན་ཚོགས་འདུ་སྐོང་ཚོགས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་10ཚེས་15ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆབ་མདོའི་ལས་དོན་ཚོགས་འདུ་སྐོང་ཚོགས་གནང་ཞིང་། ཚོགས་འདུའི་ཐོག་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་བྱས་ནས་ཆབ་མདོའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་ཞི་མཐུན་ཕྱུག་འགྱུར་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་དངོས་སུ་གཏོད་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་གསུང་བཤད་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་གཙོ་སྐྱོང་གནང་ཞིང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བྱམས་པ་ཕུན་ཚོགས་དང་། ཧའོ་ཕུང་། ཝུའུ་དབྱིང་ཅེ། དབྱང་ཅིན་ཧྲན། ལང་ཡིའུ་ལེའང་། ཅིན་ཧྲུའུ་པོ། མགོན་པོ་བཀྲ་ཤིས། ཆིན་དབྱི་ཀྲི ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། ལེའང་ཐེན་ཀེང་བཅས་ཕེབས་ཡོད་པ་རེད།

        ཁྲེན་ཆོན་གོས་གསུང་བཤད་གནང་སྐབས། ཆབ་མདོ་ནི་བོད་དང་ནང་ས་འབྲེལ་བ་དང་སྤེལ་རེས་བྱེད་པའི་རྒྱལ་སྒོ་གལ་ཆེན་དང་། ཐོན་ཁུངས་ཤིན་ཏུ་ཕུན་སུམ་ཚོགས་པའི “གཙང་གསུམ ”གྱི་ནོར་བུའི་ས་ཆ། འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་ཤིན་ཏུ་ཆེ་བའི་བོད་ཤར་ཕྱོགས་ཀྱི་མུ་ཏིག ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འཐབ་ཇུས་སྲུང་ཡོལ་བཅས་ཡིན་པས་བོད་ཀྱི་ཁྱོན་ཡོངས་ནང་གལ་འགངས་ཤིན་ཏུ་ཆེ་བའི་འཐབ་ཇུས་གནས་བབ་བཟུང་ཡོད། ད་ཕན་ལོ་ཤས་རིང་དང་ལྷག་པར་དུ “ལོ་ལྔ་ཚན་བཅུ་གཅིག་པ ”ནས་བཟུང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྒྲིག་འཛུགས་དང་སྣེ་ཁྲིད་འོག་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་འགོ་ཁྲིད་ཚན་ཁག་རིམ་བྱོན་གྱིས་ས་ཁུལ་དེ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་ངང་འཕེལ་རྒྱས་དོན་གཉེར་བྱེད་པ། ཐབས་བརྒྱ་ཇུས་སྟོང་ངང་དམངས་འཚོར་ཕན་འདོགས་པ་བཅས་བྱས་ཏེ་ཕྱོགས་གང་ཅིའི་ཐད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་དཔལ་འབྱོར་འཕེལ་རྒྱས་ལ་འཕུར་མཆོང་གསར་པ་དང་། དམངས་འཚོ་འགན་ལེན་ལ་སྣང་ཚུལ་གསར་པ། བརྟན་ལྷིང་སྲུང་སྐྱོང་ལ་རྣམ་པ་གསར་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་གསར་པ་ཐེབས་པ་བཅས་བྱུང་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

        ཁྲེན་ཆོན་གོས་ཆབ་མདོ་བརྟན་ལྷིང་མེད་ན་ལྗོངས་ཡོངས་བརྟན་ལྷིང་ཡོང་མི་ཐུབ། ཆབ་མདོ་འབྱོར་འབྲིང་ལ་མ་སླེབས་ན་ལྗོངས་ཡོངས་འབྱོར་འབྲིང་ལ་སླེབས་མི་ཐུབ། འཐབ་ཇུས་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཆབ་མདོའི་འཕེལ་རྒྱས་དང་བརྟན་ལྷིང་ལ་རྒྱབ་སྐྱོར་བྱེད་པ་དང་ཆབ་མདོའི་ལས་དོན་ཁག་ལེགས་པར་སྒྲུབ་པའི་དམིགས་བསལ་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས། ཚད་མཐོའི་མཐོང་ཆེན་བྱས་ནས་རང་འགན་གཙང་སྒྲུབ་བྱེད་པ་དང་། བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ནས་གཏོང་ཆ་མང་དུ་གཏོང་བ། སྲིད་ཇུས་ཀྱི་གཟིགས་སྐྱོང་བྱས་ནས་གཙོ་གནད་ལ་རྒྱབ་སྐྱོར་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་ཆབ་མདོའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་རྒྱུར་སྐུལ་མ་གཏོང་རོགས་གང་ཐུབ་དང་བོད་ཤར་གྱི་དཔལ་འབྱོར་སྟོབས་ཆེའི་ཁུལ་དུ་འཛུགས་སྐྲུན་བྱས་ཏེ་བརྟན་ལྷིང་གི་ཟངས་གྱང་ལྕགས་རྩིག་བརྟན་པོར་བཙུགས་ཐོག “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཆབ་མདོ་ས་ཁུལ་གྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་དང་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་ཆ་སྙོམས་ལོ་རེར་13%དང་14%ཡན་འཕར་རྒྱུའི་འགན་ལེན་དང་2020ལོར་ཆབ་མདོ་དེ་ཉིད་ལྗོངས་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུ་འགན་ལེན་བྱེད་དགོས། ཕྱོགས་དྲུག་གི་ཐད་ནས་གཙོ་གནད་དུ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ།

        གཅིག་ནི་སྤྱི་ཁོག་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། མ་དངུལ་གཏོང་བའི་ཐད “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་འཛུགས་སྐྲུན་རྣམ་གྲངས་212དང་མ་དངུལ་སྒོར་དུང་ཕྱུར་826གཏོང་རྒྱུ་བཀོད་སྒྲིག་བྱས་པ་དང་གསར་འཕར་རྣམ་གྲངས་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར་101ཟིན་པ་དང་། ནོར་སྲིད་ཐད་2015ལོར་རང་སྐྱོང་ལྗོངས་ཀྱིས་ཆབ་མདོར་ཆ་སྙོམས་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་བྱེད་ཚད་དེ་2011ལོ་ལས་ལྡབ་གཅིག་འཕར་བ་བྱ་རྒྱུ་དང་ནོར་སྲིད་ཀྱི་རོགས་དངུལ་སྒོར་དུང་ཕྱུར་298ཟིན་རྒྱུ་ཡིན་པ། ཁྲལ་བསྡུའི་ཐད་ཀྲུང་དབྱང་གིས་ཕྱིར་སློག་བྱེད་པའི་མཉམ་རོལ་དཔྱ་ཁྲལ་དང་ས་ཁུལ་གྱིས་རང་སྐྱོང་ལྗོངས་ལ་འབུལ་བའི་ས་གནས་དཔྱ་ཁྲལ་ཚང་མ་ཕྱིར་སློག་བྱ་རྒྱུ་ཡིན་པས་འཇོག་ཐུབ་པ་ཚང་མ་འཇོག་པ་དང་ཕྱིར་སློག་ཐུབ་པ་ཚང་མ་ཕྱིར་སློག་བྱེད་ཐུབ་པ་བྱེད་པ། དངུལ་རྩའི་ཐད་གཟིགས་སྐྱོང་དངུལ་བུན་གྱི་སྐྱེད་ཚད་དང་། སྐྱེད་ཁྱད་ཁ་གསབ། དམིགས་བསལ་འགྲོ་གྲོན་གྱི་རོགས་དངུལ་བཅས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་ནས་འགན་བཅོལ་ཁྱབ་ཁོངས་ཆེ་རུ་གཏོང་དགོས། གཉིས་ནི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཁྱད་ལྡན་ཞིང་འབྲོག་ལས་ཀྱི་རྒྱལ་སྟོབས་ཆེ་རུ་བཏང་སྟེ་2015ལོར་སླེབས་སྐབས་ཞིང་འབྲོག་ལས་ཀྱི་སྤྱིའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར་28.5ཟིན་པ་དང་ཆ་སྙོམས་ལོ་རེར་4%འཕར་བ་བྱེད་པ་དང་། ཕྱུགས་རིགས་བཤས་གཏོང་ཚད་30%ཡན་མཐའ་འཁྱོངས་བྱེད་པ། ཁྱད་ལྡན་གཏེར་རྫས་ཐོན་ལས་འཕེལ་རྒྱས་ཤུགས་ཆེ་བཏང་ནས་ལོ་རེར་ཐོན་སྐྱེད་ནུས་པ་ཏུན་ཁྲི་20ཟིན་པའི་མདོག་ལྡན་ལྕགས་རིགས་ཐོན་སྐྱེད་རྟེན་གཞི་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ། ཆུ་ནུས་དང་ཆུ་གློག་གི་ལས་རིགས་སྟོབས་ཆེར་བཏང་སྟེ “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གཞི་ཁྱོན་ཆན་ཝ་ཁྲི་1600ཡན་ཟིན་རྒྱུའི་བརྩོན་ལེན་བྱེད་པ། ཡུལ་སྐོར་ལས་རིགས་རྩེ་གྲ་གཏོད་ནས་2015ལོར་སླེབས་སྐབས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་ཀྱིས་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ནང་བཟུང་ཚད་4%ཡན་ཟིན་རྒྱུའི་བརྩོན་ལེན་བྱེད་དགོས།

        གསུམ་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། འགྲིམ་འགྲུལ་གྱི་ལྟེ་བ་བཙུགས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་སྒྲིག་གཞི་ཚང་བའི་གྲོང་ཚོར་སྤྱིར་ན་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་དགོས། ཁྲོན་བོད་དང་ཡུན་བོད་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། སྤང་མདའ་གནམ་ཐང་སྒྱུར་བཀོད་ལས་གྲྭ་དང་གནམ་ཐང་ཆེད་སྤྱོད་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གནམ་གྲུ་གཏོང་གྲངས་དང་མཁའ་ལམ་མང་དུ་གཏོང་བ་བཅས་བྱེད་དགོས། གློག་ཤུགས་འཕེལ་རྒྱས་ལ་སྐུལ་མ་བཏང་ནས་2013ལོར་སླེབས་སྐབས་གློག་མེད་པའི་མི་འབོར་ལ་སྤྱིར་ན་གློག་སྤྱོད་ཐུབ་པའི་གནད་དོན་ཐག་གཅོད་དང་2015ལོར་སླེབས་སྐབས་གློག་སྤྱོད་མི་འབོར་ཡོངས་སུ་ཁྱབ་ཐུབ་པ་བྱེད་དགོས། ཆུ་བེད་སྒྲིག་བཀོད་འཐུས་ཚང་དུ་བཏང་སྟེ་2015ལོར་སླེབས་སྐབས་ས་ཁུལ་དེ་ཡོངས་སུ་ཞིང་ཁའི་ཆུ་བེད་གཙོ་གནད་རྫོང་ཡོངས་སུ་ཁྱབ་ཐུབ་པ་དང་2013ལོར་གྲོང་གསེབ་ཀྱི་འཐུང་ཆུའི་ཉེན་མེད་ཁྱབ་གདལ་བྱུང་ཚད་95%ཡན་ཟིན་རྒྱུའི་བརྩོན་ལེན་བྱེད་དགོས། འཕྲིན་གཏོང་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་2015ལོར་སྒྲིག་གཞི་ཚང་བའི་གྲོང་ཚོ་ཚང་མར་ཤོང་ཆེའི་དྲ་བ་ཁྱབ་ཐུབ་པ་བྱེད་དགོས། གྲོང་རྡལ་ཅན་ལ་བརྟན་པོའི་ངང་སྐུལ་མ་གཏོང་བ་དང་ཆབ་མདོ་གྲོང་རྡལ་སྲོག་ཤིང་དུ་བྱེད་པ་དང་འགྲིམ་འགྲུལ་མ་ལམ་ཤང་གྲོང་ལྟེ་བར་བྱེད་པའི་བོད་ཤར་གྱི་གྲོང་རྡལ་མ་ལག་གཏོད་པ་དང་ལྟེ་བའི་གྲོང་རྡལ་60འཛུགས་སྐྲུན་བྱེད་པའི་ལས་གྲྭ་ལག་ལེན་བསྟར་དགོས།

        བཞི་ནི་དམངས་འཚོ་དང་སྤྱི་ཚོགས་བྱ་གཞག་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ལས་ཞུགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་ནས་ཐེམ་ཁོངས་ཆབ་མདོ་ཡིན་པའི་ད་ལོ་ཐོན་མཁན་སློབ་ཆེན་སློབ་མ་ཚང་མ་ལས་ཞུགས་དང་དེ་སྔ་ཐོན་པའི་སློབ་ཆེན་སློབ་མ་སྤྱིར་ན་ལས་ཞུགས་མངོན་འགྱུར་ཐུབ་པ་བྱས་ནས་ལས་ཀ་མེད་པའི་ཁྱིམ་ཚང་མེད་པ་བཟོ་བ་དང་། སློབ་གསོའི་ཆུ་ཚད་མཐོ་རུ་བཏང་སྟེ་2015ལོར་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་མཐོ་རིམ་སློབ་འབྲིང་དུས་རིམ་དུ་ན་འདྲེས་སློབ་ཞུགས་བྱེད་ཚད་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་རྒྱུའི་བརྩོན་ལེན་བྱེད་པ། སྨན་བཅོས་འཕྲོད་བསྟེན་ལ་ཤུགས་སྣོན་རྒྱག་པ་དང་། རྫོང་རིམ་པའི་སྨན་ཁང་དང་། ཤང་གྲོང་འཕྲོད་བསྟེན་ཁང་། གྲོང་གསེབ་ཀྱི་འཕྲོད་བསྟེན་ཁང་བཅས་འཛུགས་སྐྲུན་ལ་སྐུལ་མ་གཏོང་བ། རྒྱང་ཁྲིད་སྨན་བཅོས་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་པ། སྤྱི་ཚོགས་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བ་དང་འགན་བཅོལ་ཁང་ནང་ཞུགས་ཚད་མཐོ་རུ་བཏང་ནས་འགན་བཅོལ་བྱེད་དགོས་རིགས་ཚང་མ་འགན་བཅོལ་བྱེད་པ། དབུལ་སྐྱོར་གསར་སྤེལ་ལེགས་པར་བྱས་ནས་ས་ཁུལ་དབུལ་པོའི་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་འཕར་ཚད་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བའི་བརྩོན་ལེན་བྱེད་པ། ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་དམངས་ཕྱུག་སྟོབས་ཆེའི་རྫོང་གི་ཆེད་དོན་བྱ་སྤྱོད་འཆར་གཞི་དང་ཚན་རྩལ་ཁྱབ་གདལ་གྱི་ཞིང་ཕན་གྲོང་དར་གྱི་འཆར་གཞི་ལག་ལེན་བསྟར་བ། རིག་གནས་བྱ་གཞག་འཕེལ་རྒྱས་དང་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་མ་བཏང་སྟེ་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཕན་པ་ཐོབ་ཐུབ་པ་བྱེད་དགོས།

        ལྔ་ནི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཆེ་རུ་གཏོང་བ་དང་བརྟན་ལྷིང་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོར་བཙུགས་ཏེ་སྔ་ཕྱི་བར་གསུམ་དུ་བདེ་ཉེན་སེམས་སུ་འཆང་བ་དང་། ཚད་མཐོའི་དོགས་ཟོན་བྱེད་པ། ཉེན་བརྡ་ཡུན་རིང་གཏོང་བ་བཅས་བྱེད་པ་དང་སྔ་ས་ནས་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ཡག་པོ་བྱ་རྒྱུར་གཞི་ཚུགས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དང་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་ཁ་ཕྲལ་དང་སིམ་འཛུལ་གཏོར་བཤིག་གི་ལྐོག་གཡོར་དོགས་ཟོན་དམ་ཟབ་དང་རྡུང་རྡེག་ནན་པོ་གཏོང་དགོས། དགོན་སྡེའི་དོ་དམ་ལ་དམ་འཛིན་ཡག་པོ་བྱས་ཏེ “གཅིག་དྲུག ”གི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། “ཡོད་པ་དགུའི ”འདུ་འགོད་ལ་སྐུལ་མ་གཏོང་བ། “ཁྱབ་རྒྱ ”གཅིག་མངོན་འགྱུར་ཡོང་བ། “གསར་གཏོད ”གཅིག་ལེགས་པར་གཉེར་བ། “སློབ་གསོ ”གཅིག་གཏོང་བ་བཅས་བྱས་ནས་དགོན་སྡེའི་ཞི་མཐུན་བརྟན་ལྷིང་མཐའ་འཁྱོངས་བྱེད་དགོས། སྤྱི་ཚོགས་ལ་དོ་དམ་དང་ཚོད་འཛིན་ནན་པོ་བྱེད་པ་དང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ་འཐུས་ཚང་དུ་གཏོང་བ་དང་། རྡུང་རྡེག་དང་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་གཏིང་ཟབ་ངང་སྤེལ་བ། གཙོ་གནད་མི་སྣར་དོ་དམ་དང་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གནས་ཚུལ་གང་ཡང་མི་ཐོན་པ་དང་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱེད་པ། མངོན་མེད་རྐྱེན་ངན་དུས་ཐོག་ཏུ་གྲལ་བཤེར་བྱས་ཏེ་རིགས་ཁག་གི་རྩོད་གཞི་དོགས་ཟོན་དང་ཐག་གཅོད་ཡག་པོ་བྱེད་པ་དང་སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁའི་ཚོད་སྐོར་འཐུས་ཚང་དུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་གི་དྲ་རྒྱ་འདིང་བ་བཅས་བྱེད་དགོས། མཐའ་མཚམས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་སི་ཁྲོན་དང་། ཡུན་ནན། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་བོད་རིགས་ས་ཁུལ་དང་མཐུན་སྦྱོར་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་ཁོངས་རང་བཞིན་གྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་གྱི་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཆ་འཕྲིན་གསང་འཕྲིན་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་ཡག་པོ་སྒྲུབ་སྟེ་གནས་ཚུལ་ཐོན་ཚེ་དུས་ཐོ་ཏུ་ཁ་གཏད་གཅོག་པ་དང་འཕྲལ་ཐག་ཆོད་པོས་ཐག་གཅོད་བྱས་ནས་བདེ་འཇགས་མེད་པ་དང་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་མེད་པ་བཟོ་རྒྱུ་འགན་ལེན་བྱེད་དགོས།

        དྲུག་ནི་གཞི་རིམ་ཏང་རྩ་འཛུགས་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཕྱོགས་གཅིག་ནས་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་བཏང་སྟེ་གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ཚན་ཁག་ཡག་པོ་འདེམས་པ་དང་བཀོད་སྒྲིག་ཡག་པོ་བྱེད་པ་དང་ཏང་ཡོན་དཔུང་ཁག་སྟོབས་ཆེར་བཏང་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ས་སྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཞན་ཞིག་ནས་གཞི་རིམ་གྱི་སྲིད་དབང་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་སྲིད་དབང་གི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་ཏང་གི་སྲིད་འཛིན་གྱི་རྩ་བ་བརྟན་དུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

        ཁྲེན་ཆོན་གོས་ཆབ་མདོས་གོ་སྐབས་དམ་འཛིན་བྱེད་པ་དང་གོ་སྐབས་ཡག་པོ་བེད་སྤྱད་དེ་ཆབ་མདོའི་འཕེལ་རྒྱས་བརྟན་ལྷིང་དང་ལས་དོན་ཁག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཧུར་ཐག་བྱེད་དགོས་པ་སྟེ། གཅིག་ནས་ཚད་མཐོའི་མཐོང་ཆེན་དང་འགན་འཁྲིར་ཤུགས་སྣོན་རྒྱག་དགོས་ཤིང་། ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་སུ་བཞག་ནས་སློབ་སྦྱོང་དང་ལག་བསྟར་མགྱོགས་མྱུར་བྱེད་པ་དང་འབྲེལ་བཀོད་སྒྲིག་ཀྱང་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་ཆབ་མདོའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་དོན་ཁང་གིས་འགན་འཁྲི་ནན་ཏན་ངང་བསྒྲུབ་པ་དང་ཕྱོགས་བསྡུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ལྟ་སྐུལ་ཞིབ་བཤེར་དང་ཁྲིད་སྟོན་ཡག་པོ་བྱེད་དགོས་པ་དང་། གཉིས་ནས་ལས་འགན་ཁག་དབྱེ་བ་དང་འབྲེལ་མཐུད་ཡག་པོ་བྱེད་དགོས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི 《ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར 》ལག་བསྟར་བྱེད་པའི་ལས་དོན་དམ་འཛིན་ནན་པོ་དང་དམ་འཛིན་ཡག་པོ་བྱས་ཏེ་བསམ་འཆར་གྱི་བླང་བྱ་དེ་འཕེལ་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་འགྱུར་བ་བྱེད་དགོས་པ། གསུམ་ནས་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་ཤིང་། ཚོགས་འདུ་དང་བསམ་འཆར་ཁྲོད་བཀོད་སྒྲིག་བྱས་པའི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ་དམ་འཛིན་ནན་པོ་བྱེད་པ་དང་། ཏན་ཏིག་སྒྲུབ་པ། དམ་འཛིན་ལྷོད་མེད་བྱེད་པ། མཐའ་གཅིག་ཏུ་དམ་འཛིན་བྱེད་པ། ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ། གནད་དོན་ཚང་མ་ཐག་གཅོད་བྱེད་པ། བྱ་བ་ཚང་མ་ཡག་པོ་སྒྲུབ་པ་བཅས་བྱས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོབ་རྒྱུ་འགན་ལེན་བྱེད་དགོས་པ། བཞི་ནས་ཡང་འབད་བསྐྱར་འབད་དང་གྲུབ་འབྲས་གསར་པ་སླར་ཡང་གཏོད་དགོས་ཤིང་། ད་ཐེངས་ཀྱི་ཚོགས་འདུ་དེ་གོ་སྐབས་དང་འགུལ་ཤུགས་སུ་བྱེད་པ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་བརྩོན་ཆེར་བསྐྱེད་བྱས་ཏེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཐད་མཐོ་གསར་གཏོད་པ་དང་། ཞི་མཐུན་བརྟན་ལྷིང་ཐད་རྣམ་པ་གསར་པ་གཏོད་པ། དམངས་འཚོ་ལེགས་གཏོང་ཐད་རྣམ་པ་གསར་པ་གཏོད་པ། ཏང་འཛུགས་སྐྱོང་ཐད་ལེའུ་གསར་པ་བརྩམས་པ་བཅས་ཀྱི་ཐོག་ནས་ཆབ་མདོའི་ལས་དོན་ཆུ་ཚད་གསར་པ་དང་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཚང་མས་ངེས་པར་དུ་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཡོངས་ལ་དམིགས་པ་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཆབ་མདོའི་ལས་དོན་ལ་ཆེད་མངགས་ཞིབ་འཇུག་བྱས་པ་དེར་ངོས་འཛིན་གཏིང་ཟབ་བྱས་ཏེ་ཆབ་མདོ་ས་ཁུལ་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དང་ཆབ་མདོ་ས་ཁུལ་གྱི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཆབ་མདོའི་འཐབ་ཇུས་ཀྱི་གནས་བབ་ཚན་རིག་དང་མཐུན་པའི་ངང་རྒྱས་བཤད་བྱས་པ་དང་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པའི་ཁར་ཆབ་མདོའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཐད་བླང་བྱ་ཁ་གསལ་ཡང་བཏོན་ཡོད། ང་ཚོས་བསམ་བློའི་ངོས་འཛིན་དེ་ཚོགས་འདུའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ལག་བསྟར་དོན་འཁྱོལ་ཐད་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས་ཆབ་མདོ་ས་ཁུལ་གྱི་བྱ་གཞག་ཁག་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།

        པད་མ་འཕྲིན་ལས་ཀྱིས་ད་ཐེངས་ཀྱི་ཆབ་མདོའི་ལས་དོན་ཚོགས་འདུའི་ཐོག་ཆབ་མདོའི་བྱ་གཞག་ཁག་གི་སྒྱུར་བཅོས་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཟིན་པས་རང་སྐྱོང་ལྗོངས་ཀྱིས་ཆབ་མདོར་རྒྱབ་སྐྱོར་བྱེད་པའི་ལས་དོན་ཁག་ངེས་པར་དུ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་ཤིང་། གཅིག་ནས་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཏེ་འགན་འཁྲི་ཁག་ཁ་གསལ་བཟོ་བ་དང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མ་དང་ལྷག་པར་དུ་ཆབ་མདོ་ས་ཁུལ་གྱི་རིམ་པ་ཁག་དང་། སྡེ་ཚན་ཁག མི་རིགས་ཁག་གི་ལས་བྱེད་མང་ཚོགས་བཅས་ཀྱིས་འཚོག་ཉེར་ཡོད་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གྱིས་གཅིག་འདོམས་བྱེད་པ་དང་འབྲེལ་ད་ཐེངས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་ལས་འགན་དབྱེ་ཕྲལ་ནན་ཏན་བྱེད་པ་དང་། རྣམ་གྲངས་ཁྲོད་ལག་བསྟར་བྱེད་པ། ལས་གནས་ཐོག་དོན་འཁྱོལ་བྱེད་པ། ལས་དོན་ཁག་གི་འགན་འཁྲིའི་མི་སྣའི་ཐོག་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་བྱ་སྤྱོད་གཅིག་གྱུར་ཐོག་སྤེལ་ཏེ་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཆེ་རུ་གཏོང་བ། བྱ་སྤྱོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱེད་པ། དེ་བས་རང་རྟོགས་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཆབ་མདོའི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ་ད་ཐེངས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ། གསུམ་ནས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་པ་དང་། ལས་ཀའི་སྟོབས་ཤུགས་སྙོམས་སྒྲིག་དང་ལེགས་ཆའི་ཐོན་ཁུངས་གཅིག་སྡུད་བྱེད་པ། འཐབ་ཇུས་ཀྱི་གཙོ་གནད་འབུར་དུ་ཐོན་པ་དང་ཉམས་ཞན་ལྷུ་ཚིགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སེམས་ནུས་ཡོད་རྒུས་དཀའ་གནད་སྒྲོལ་དགོས། སྡེ་ཚན་ཁག་གིས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རང་འགུལ་ངང་འབྲེལ་ཡོད་སྡེ་ཚན་དང་འབྲེལ་མཐུད་དང་མཐུན་སྦྱོར་ཡག་པོ་བྱེད་པ་དང་རང་འགན་གཞན་དཀྲི་སོགས་ཀྱི་སྣང་ཚུལ་མི་ལེགས་པ་ཐོན་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་གཞིར་བཟུང་རང་ངོས་ཀྱི་འགན་འཁྲི་དང་ཟུང་འབྲེལ་བྱས་ནས་ལེ་ལག་གི་བྱེད་ཐབས་དང་ཐབས་ཤེས་ཁག་མགྱོགས་མྱུར་བཟོ་བ་དང་འཐུས་ཚང་དུ་གཏོང་དགོས་པ། བཞི་ནས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་བྱེད་ཐབས་ཁག་ལ་ཕན་འབྲས་དངོས་ཐོན་རྒྱུ་འགན་ལེན་བྱེད་པ་དང་། དམིགས་ཚད་ཀྱི་ལས་འགན་ཁ་གསལ་བཟོ་བ། རྣམ་གྲངས་གལ་ཆེན་གྱི་རྗེས་སྙེགས་ལམ་སྲོལ་བཟོ་བ། རྣམ་གྲངས་རེ་རེ་བཞིན་ལག་བསྟར་དོན་འཁྱོལ་བྱེད་པ། དུས་བཀག་ཐོག་ཞིབ་བཤེར་བྱེད་པའི་ལམ་སྲོལ་འཛུགས་པ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་དུས་བཀག་ལྟར་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ། ལྔ་ནས་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་ལས་དོན་ཁག་ཡག་པོ་སྒྲུབ་ཐུབ་བྱེད་པ་དང་། སྡེ་ཚན་ཁག་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཆབ་མདོའི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། ཆབ་མདོ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་དེ་བས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་དེ་བས་ནུས་ལྡན་གྱི་སྲིད་ཇུས་བྱེད་ཐབས་ཐོག་ནས་ས་ཁུལ་དེ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ་བཅས་བྱས་ཏེ་དཀའ་སྤྱད་འབད་འཐབ་དང་། སྙིང་རུས་ཆེན་པོས་ལས་དོན་སྒྲུབ་པ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་ཀྱི་ཐོག་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་ལེའུ་གསར་པ་སླར་ཡང་བརྩམས་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།