ཟླ་10 ཚེས་11ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་17པ་གཙོ་སྐྱོང་གནང་སྟེ་འཚོགས་ཤིང་། ཚོགས་འདུའི་ཐོག་2013ལོའི “དུས་ཆེན་ཆེ་ཁག་གསུམ ”(གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར )རིང་ལྗོངས་ཡོངས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་སྤྲོད་ཐེངས་གཅིག་གི་འཚོ་བའི་ཁ་གསབ་མུ་མཐུད་སྤྲོད་རྒྱུ་དང་སྦྲགས་སྔར་ཡོད་ཀྱི་ཚད་གཞིའི་ཐོག་སྒོར་100སྤོར་རྒྱུའི་གཏན་འབེབས་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆིན་དབྱི་ཀྲི་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན། རྡོ་རྗེ་ཚེ་རིང་། ཀུང་ཕུའུ་ཀོང་། མོང་ཏེ་ལི། བདེ་སྐྱིད། སྐལ་བཟང་ཚེ་རིང་། ཏུང་མིང་ཅུན། ལི་ཀྲའོ། ཏིང་ཡེ་ཤན་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཅིན་ཧྲི་ཤུན་བཅས་པ་ཚོགས་འདུར་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱས་ནས་མང་ཚོགས་ཀྱི་བདེ་སྡུག་སེམས་སུ་བཅངས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱི་སྐྱོབ་རོགས་ལས་དོན་དེ་དམངས་ལ་དོན་དངོས་སྒྲུབ་པའི “དམངས་སེམས་འདུ་འགོད ”དང “ཕན་སྦྱར་ལས་གཞིར ”བརྩིས་ཏེ་དམ་འཛིན་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐུགས་ཁུར་དང་གཅེས་སྐྱོང་ཟབ་མོ་གནང་ལུགས་སྔར་བས་མཚོན་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་མྱངས་ཐུབ་པའི་འགན་ལེན། བོད་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་བ་བཅས་བྱ་ཆེད་ཚོགས་འདུའི་ཐོག་2013ལོའི “དུས་ཆེན་ཆེ་ཁག་གསུམ ”རིང་ལྗོངས་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ། གཟིགས་སྐྱོང་བྱ་ཡུལ། འགན་ལེན་ལྔའི་ཁྱིམ་དུད་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཚོར་སྤྲོད་ཐེངས་གཅིག་གི་འཚོ་བའི་ཁ་གསབ་སྤྲད་རྒྱུ་དང་སྦྲགས་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད། ད་ལོ་ཤར་ཚུན་ཟོག་གོང་འཕར་བ་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ། གཟིགས་སྐྱོང་བྱ་ཡུལ་བཅས་ལ་སྤྲོད་ཐེངས་གཅིག་གི་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་དེ་དེ་སྔོན་མི་རེར་ཆ་སྙོམས་སྒོར་800ནས་མི་རེར་ཆ་སྙོམས་སྒོར་900བར་མང་དུ་གཏོང་རྒྱུ་ཡིན་པ་དང་། ཞིང་འབྲོག་ཁུལ་གྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་འགན་ལེན་ལྔའི་བསྙེན་བཀུར་བྱ་ཡུལ་ལ་སྤྲོད་ཐེངས་གཅིག་གི་འཚོ་བའི་ཁ་གསབ་དེ་སྔོན་མི་རེར་ཆ་སྙོམས་སྒོར་200ནས་མི་རེར་ཆ་སྙོམས་སྒོར་300བར་མང་དུ་གཏོང་རྒྱུ་དང་སྦྲགས་2012ལོའི་ཟླ་12ཚེས་31ཉིན་གྱི་སྔོན་དུ་ཚང་མ་སྤྲོད་རྒྱུ་ཡིན་པ་རེད།
ཚོགས་འདུའི 《བོད་རང་སྐྱོང་ལྗོངས་ཀྱི་གཞུང་ལམ་དང་ཆུ་ཐོག་སྐྱེལ་འདྲེན་དོ་དམ་སྒྲིག་གཞི་སྒྱུར་བཅོས་ཀྱི་ཇུས་གཞི 》དང་《སྣོད་བཅུད་བཟང་བའི་བོད་ལྗོངས་བསྐྲུན་རྒྱུའི་སྐོར་གྱི་གཏན་འབེབས 》ལ་གྲོས་ཞིབ་བྱས་པ་དང་སྦྲགས་རྩ་དོན་ཐོག་གྲོས་འཆམ་ཡང་བྱུང་བ་རེད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་ཀྱང་བྱས་པ་རེད།