ཟླ་10ཚེས་8ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ལས་དོན་ཚོགས་ཆུང་གི་སྣེ་འཁྲིད་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྒྱུད་སྨད་དང་། མཚམས་ཁུང་། ར་མོ་ཆེ་སོགས་སུ་ཕེབས་ནས་རིག་དངོས་མྱུར་སྐྱོབ་དང་ཉམས་གསོ་སྲུང་སྐྱོབ་ཀྱི་ལས་དོན་ལ་གཟིགས་ཞིབ་གནང་བ་རེད།
ལྕགས་རྭ་བློ་བཟང་བསྟན་འཛིན་དང་བཅས་པས་རྒྱུད་སྨད་ཀྱི་འདུ་ཁང་དང་གྲྭ་ཤག་ཉམས་གསོ་དང་ར་མོ་ཆེའི་ལྡེབས་རིས་མྱུར་སྐྱོབ་སོགས་ལས་གྲྭ་འཛུགས་སྐྲུན་བྱ་ཚུལ་དང་མཚམས་ཁུང་གི་མེ་ཟོན་བདེ་འཇགས་གནས་ཚུལ་ལ་ཁྱོན་ཡོངས་ནས་ཞིབ་བཤེར་གནང་བ་དང་། འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་སྙན་ཞུ་དང་གྲྭ་བཙུན་གྱི་འཐུས་མིའི་བསམ་ཆར་དང་གྲོས་འགོ་གསན་པ། དགོན་པ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་དེ་རང་དུ་གནང་བ་མ་ཟད། ད་དུང་རིག་དངོས་སྲུང་སྐྱོབ་ཉམས་གསོའི་ལས་གྲྭ་འཛུགས་སྐྲུན་ཡག་པོ་བྱ་རྒྱུའི་བླང་བྱའང་བཏོན་གནང་བ་རེད།
ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔར་ནས་ད་བར་རང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་རིག་དངོས་སྲུང་སྐྱོབ་ལས་དོན་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས་བཀོད་སྒྲིག་ཞིབ་ཚགས་དང་ཚན་རིག་དང་མཐུན་པའི་འཆར་འགོད་གནང་བ་མ་ཟད། ད་དུང་མ་དངུལ་འབོར་ཆེན་བཏང་ནས་རིག་དངོས་སྲུང་སྐྱོབ་ཉམས་གསོའི་ལས་གྲྭ་འཛུགས་སྐྲུན་བྱས་ཡོད་ཅེས་བསྟན་གནང་བ་རེད། ཁོང་གིས་རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་ནས་རིག་དངོས་སྲུང་སྐྱོབ་ཉམས་གསོའི་ལས་གྲྭ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། འཛུགས་སྐྲུན་སྤུས་ཚད་ཀྱི་འགག་སྒོ་བརྟན་པོ་སྲུང་བ་བཅས་བྱས་ནས་གནའ་བོའི་རིག་དངོས “དུས་ནམ་ཡང་མི་ཉམས་པ ”བྱེད་དགོས་ཞེས་དང “སྔར་ཡོད་ཇི་བཞིན་ཉམས་གསོ་བྱེད་པ་དང་སྔར་ཡོད་ཇི་བཞིན་ཡོང་བ་བྱེད་པ ”ཡི་རིག་དངོས་སྲུང་སྐྱོབ་ལས་དོན་གྱི་བྱེད་ཕྱོགས་གཞིར་བཟུང་ཚན་རིག་དང་མཐུན་པའི་སྒོ་ནས་རིག་དངོས་སྲུང་སྐྱོབ་ཉམས་གསོའི་ལས་གྲྭའི་འཆར་གཞི་འགོད་པ་དང་ཇུས་འགོད་བྱེད་པ་དང་། རིག་དངོས་སྲུང་སྐྱོབ་ཉམས་གསོ་དང་སྤྱིར་བཏང་རང་བཞིན་གྱི་ལས་གྲྭ་འཛུགས་སྐྲུན་གཉིས་དབྱེ་བ་གསལ་པོ་འབྱེད་པ། “རིག་དངོས ”ཀྱི་བརྗོད་དོན་གཙོ་བོ་འབུར་དུ་ཐོན་པ། “སྲུང་སྐྱོབ ”ཞེས་པའི་འགག་རྩ་དེ་འབུར་དུ་ཐོན་པ་བྱེད་པ་བཅས་བྱས་ནས་སྲུང་སྐྱོབ་བྱེད་དགོས་པའི་རིག་དངོས་རྣམས་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་། རིག་དངོས་ཅུས། ལྷ་ས་གྲོང་ཁྱེར་སྲིད་གཞུང་སོགས་འབྲེལ་ཡོད་ཚན་པའི་འགན་འཁུར་མི་སྣ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།