དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོས་བོད་ལྗོངས་སྤྱི་བདེ་ཐིང་བཀོད་འདོམས་ལྟེ་གནས་དང་ལྷ་ས་མེ་འཁོར་བབས་ཚུགས་ལ་ཞིབ་བཤེར་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ਍

        འདི་ནི་ཁྲེན་ཆོན་གོས་བཀོད་འདོམས་ལྟེ་གནས་ཀྱི་ལས་རེས་བྱེད་མཁན་ལ་བྱམས་བརྩེའི་ངང་ཕྱག་གཏོང་བའི་གནས་ཚུལ་ཡིན་པ།

        ཟླ་10ཚེས་4ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བཀོད་འདོམས་ལྟེ་གནས་སུ་ཕེབས་ཏེ་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་ལས་དོན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོའི་ཐོག་ལས་དོན་སྒྲུབ་མཁན་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་། བཅིངས་འགྲོལ་དམག་གི་དཔོན་དམག དྲག་ཆས་ཉེན་རྟོག་པ་དང་སྤྱི་བདེའི་དངོས་ཞབས་དཔུང་སྡེ་བཅས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་བྱམས་བརྩེའི་འཚམས་འདྲི་ཡང་ཞུས་གནང་བ་རེད།

        རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བཀོད་འདོམས་ལྟེ་གནས་ནང་འགོ་ཁྲིད་མི་སྣ་དང་སྡོད་བྱའི་ལས་དོན་མི་སྣ་ཡོངས་ལས་གནས་ཐོག་ཡོད་པ་མ་ཟད། ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་ཀྱིས་བཀོད་འདོམས་ལྟེ་གནས་ཀྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ་སྡོད་བྱའི་ལས་དོན་པ་ཚོ་དང་ཕྱག་བཏང་གནང་ནས་ཚང་མར་བྱམས་བརྩེའི་འཚམས་འདྲི་ཞུས་གནང་ཞིང་། ཁྲེན་ཆོན་གོས་ཉེ་དུས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་ལྷག་པར་དུ་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགན་འཁྲིའི་ཚན་ཁག་དང་། བོད་སྡོད་མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག སྤྱི་བདེའི་དངོས་ཞབས་དཔུང་སྡེ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་ཐམས་ཅད་ལས་ལྷག་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ལས་འགན་གཙང་སྒྲུབ་དང་བསྟུད་མར་དམག་འཐབ་བྱེད་པ། སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་ཐད་བློ་མཐུན་ཚོས་རྔུལ་ཆུ་བཏོན་པ་དང་དཀའ་སྤྱད་འབད་བརྩོན་བྱས་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཁྲེན་ཆོན་གོས་མིག་སྔར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བཞིན་ཡོད། རེ་བར་བློ་མཐུན་ཚོས་ངལ་དུབ་ལ་མི་སྐྲག་པ་དང་བསྟུད་མར་དམག་འཐབ་བྱེད་པའི་སྤྱོད་ཚུལ་ཟམ་མི་ཆད་པར་དར་སྤེལ་གཏོང་བ་དང་གྲུབ་འབྲས་ལ་གཅེས་འཛིན་དང་ཡང་འབད་བསྐྱར་འབད་བྱེད་པའི་ཐོག་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་འཚོག་རྒྱུར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པ་སྟེ།

        གཅིག་ནས་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྔ་ཕྱི་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ་ཚད་མཐོའི་མཐོང་ཆེན་དང་ཉེན་བརྡ་རྒྱུན་གཏོང་ཐུབ་པ་བྱེད་པ་དང་། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་སྔར་བས་ཆེ་རུ་གཏོང་བ། བརྟན་ལྷིང་གི་རྩ་བ་དེ་དུས་དང་རྣམ་པ་ཀུན་ཏུ་དམ་པོར་འཛིན་པ། འགན་འཁྲིའི་བསམ་པ་དང་། ཁ་ཚ་དགོས་གཏུགས་ཀྱི་བསམ་པ། ཉེན་ཁའི་བསམ་པ་བཅས་སྔར་བས་ཆེ་རུ་གཏོང་བ། མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པ་དང་།

        གཉིས་ནས་ལས་གནས་བརྟན་སྲུང་བྱེད་དགོས་ཤིང་། རིམ་པ་ཁག་དང་། སྡེ་ཚན་ཁག རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་སྡེ་ཚན་ཁག་གིས་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཉིན་མཚན་བལྟོས་མེད་ངང་བརྟན་སྲུང་དང་། དུས་རྟག་ཏུ་བཀའ་སྒུག་ནས་སྡོད་པ། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པ་ཚོས་དཀའ་ངལ་ཁྱད་བསད་དང་ལས་གནས་བརྟན་སྲུང་བཅས་བྱས་ཏེ་ས་སྲུང་ཐད་འགན་འཁུར་བ་དང་། ལས་འགན་གཙང་སྒྲུབ། ཕྱོགས་གཅིག་གི་བདེ་འཇགས་འགན་ལེན་བཅས་བྱེད་དགོས་པ།

        གསུམ་ནས་བྱ་ཐབས་དོན་འཁྱོལ་བྱེད་དགོས་ཤིང་། སྔ་ཙམ་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ལེགས་པོ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་རབ་དང་རིམ་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ས་ཆ་དངོས་སུ་ཆད་ལུས་མེད་པར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་པ། སྲུབ་ཁ་དང་། གྲིབ་ཆ། སྟོང་ཆ་བཅས་ མ་ལུས་པ་བྱེད་པ་བཅས་ཀྱི་ཐོག་ནས་གནད་དོན་ཆེ་འབྲིང་ཆུང་གསུམ་གང་ཡང་མི་ཐོན་པའི་དམིགས་ཚད་འབད་བརྩོན་ཆེན་པོས་མངོན་འགྱུར་བྱེད་དགོས་པ།

        བཞི་ནས་འགན་འཁྲི་ནན་དུ་གཏོང་དགོས་ཤིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲིའི་འདུ་ཤེས་དང་། གཡུལ་སའི་འདུ་ཤེས། བརྟན་ལྷིང་གི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དུས་དང་རྣམ་པ་ཀུན་ཏུ་སེམས་ནང་འཇོག་པ་དང་དམ་འཛིན་ནན་པོ་བྱེད་པ། མངོན་ཞིབ་ལྐོག་འདྲི་དང་འགན་འཁྲི་བདའ་འདེད་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དང་འགན་འཁྲི་བདའ་འདེད་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས་པ་བཅས་ནན་བཤད་གནང་བ་རེད།

        ཁྲེན་ཆོན་གོས་ད་དུང་ལྷ་ས་མེ་འཁོར་བབས་ཚུགས་སུ་ཕེབས་ནས་དུས་ཆེན་རིང་གི་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་དཀའ་སྤྱད་ངང་འཐབ་ས་དང་པོར་ལས་དོན་སྒྲུབ་མཁན་ལྕགས་ལམ་ལས་བཟོ་ཚོར་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། བདེ་འཇགས་ཞིབ་བཤེར་བགྲོད་ལམ་དང་མེ་འཁོར་སྒུག་སའི་ཚོམས་ཆེན་ནང་ཁྲེན་ཆོན་གོས་ཡུལ་སྐོར་བ་དང་བྱམས་བརྩེའི་གླེང་མོལ་གནང་ཞིང་། ཁོང་གིས “ཁྱེད་ཚོ་གང་ནས་ཡོང་བ་ཡིན་ནམ། འདི་གར་སྐྱིད་པོ་འདུག་གམ། བོད་ཀྱི་བདེ་འཇགས་གང་འདྲ་འདུག་གམ ”ཞེས་ཐུགས་བརྩེ་ཆེན་པོའི་ངང་དྲིས་པར་ཡུལ་སྐོར་བ་ཚོས་དགའ་སྤྲོ་དང་བཅས་བོད་ཀྱི་མཛེས་ལྗོངས་ངོ་མཚར་ཆེ་ལ་མང་ཚོགས་རྣམས་སེམས་རྩ་འཁོལ་པོ་འདུག འདི་གའི་བདེ་འཇགས་ཀྱང་ཡག་པོ་འདུག་པས་ད་ཐེངས་བོད་དུ་ཡོང་རིན་བྱུང་ཞེས་ལན་བཏབ། ཁྲེན་ཆོན་གོས་ཚང་མ་ཡུལ་སྐོར་སྤྲོ་པོ་ཡོང་བ་དང་ལམ་ཁར་བདེ་མོ་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།

        ཁྲེན་ཆོན་གོས་ད་དུང་གཟབ་ནན་ངང་ལས་དོན་སྒྲུབ་བཞིན་པའི་ལྕགས་ལམ་ལས་བཟོ་ཚོར་བྱམས་བརྩེའི་ངང་གཟིགས་པར་ཕེབས་ནས་ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་ཞུས་ཤིང་། ཁོང་གིས་སྤྱི་པའི་ཞབས་ཞུའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་མི་རྩ་བར་འཛིན་པ་དང་། བདེ་འཇགས་གོ་རིམ་ལྡན་པ། སྟབས་བདེ་ལ་མྱུར་བ་བཅས་ཀྱི་རྩ་དོན་གཞིར་བཟུང་ཡུལ་སྐོར་བ་སྐྱེལ་འདྲེན་སྒྲིག་འཛུགས་ནན་ཏན་བྱས་ཏེ་ཡུལ་སྐོར་བ་ཚང་མར་ཁྱིམ་ཚང་གི་དྲོ་སྐྱིད་ཚོར་བ་བྱེད་དགོས། གཅིག་ནས་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་དགོས་ཤིང་། རང་ཉིད་ཀྱི་སྤུན་མཆེད་བཞིན་ཡུལ་སྐོར་བར་སྣེ་ལེན་ཞུ་བ་དང་། ཡུལ་སྐོར་བས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་ཡུལ་སྐོར་བར་དགོས་མཁོ་གང་ཡོད་སར་རོགས་རམ་བྱེད་པ། ཞབས་འདེགས་ཞུ་སྟངས་ཟམ་མི་ཆད་པར་གསར་གཏོད་བྱེད་པ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། དམངས་ཕན་བྱ་ཐབས་མང་པོ་སྤྱོད་པ། བདེ་འཇགས་ལྡན་ལ་སྐྱིད་སྣང་དོད་པའི་ཁོར་ཡུག་བསྐྲུན་པ་བཅས་ཀྱི་ཐོག་ནས་ཡུལ་སྐོར་བ་ཚང་མ་དགའ་དགའ་སྤྲོའི་སྤྲོའི་ངང་རང་ཁྱིམ་དུ་ལོག་ཐུབ་པ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་བདེ་འཇགས་འགན་ལེན་བྱེད་དགོས་ཤིང་། “བདེ་འཇགས་ཨང་དང་པོ་དང་། སྔོན་འགོག་གཙོ་བོར་བརྩི་བའི ”བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་སྒྲིག་སྲོལ་དང་ལམ་ལུགས་ཁག་ལག་ལེན་ནན་པོ་བསྟར་ནས་བདེ་འཇགས་ཀྱི་འགན་འཁྲི་སྔར་བས་ཁ་གསལ་བཟོ་བ་དང་། བདེ་འཇགས་ཀྱི་བྱ་ཐབས་དོན་འཁྱོལ་བྱེད་པ། བདེ་འཇགས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བབས་ཚུགས་ཀྱི་བདེ་འཇགས་དང་། སྐྱེལ་འདྲེན་གྱི་བདེ་འཇགས། འགྲུལ་པའི་བདེ་འཇགས་བཅས་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།