བརྒྱད་པའི་བཅོ་ལྔའི་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་ཀྱི་ཟླ་9ཚེས་29ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་ལྷོ་ཁ་ས་ཁུལ་མཚོ་སྨད་རྫོང་གནས་གཞི་ཤང་དུ་ཕེབས་ཏེ་གྲོང་ཚོར་བཅའ་སྡོད་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག་དང་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོར་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་སོགས་ལས་དོན་ལ་བརྟག་ཞིབ་ཀྱང་གནང་བ་རེད།
ས་ཁུལ་དང་རྫོང་གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གསན་རྗེས་བྱམས་པ་ཕུན་ཚོགས་ཀྱིས་འདི་ལོ་ནས་བཟུང་ལྷོ་ཁ་ས་ཁུལ་དང་དེ་བཞིན་མཚོ་སྨད་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། དཔལ་འབྱོར་འཛུགས་སྐྲུན་མགྱོགས་པོ་བྱུང་བ། སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་བྱུང་བ། ཞིང་འབྲོག་པའི་ཐོན་སྐྱེད་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་མ་ཐེབས་པ། ཞིང་འབྲོག་པའི་ཡོང་འབབ་རྒྱུན་ཆད་མེད་པར་འཕར་བ། མང་ཚོགས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་སོང་བ། སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་ཕྱིན་པ། གཞི་རིམ་གྱི་རྨང་གཞི་མངོན་གསལ་དོད་པོས་བརྟན་དུ་སོང་ཡོད་ཅེས་གསུངས་ཤིང་། ཁོང་གིས་ས་ཁུལ་དང་རྫོང་ཏང་ཨུད་དང་སྲིད་གཞུང་ལ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཆབས་ཅིག་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ལྟར་གསར་འབྱེད་གསར་གཏོད་དང་ཡར་རྒྱས་བརྩོན་ལེན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བའི་རྣམ་པ་ཡག་པོ་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། ཞི་མཐུན་བརྟན་ལྷིང་གི་རྣམ་པ་ཡག་པོ་སྔར་བས་སྲ་བརྟན་དུ་གཏོང་བ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་ཏང་སྲིད་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་ནུས་པ་ཆེ་རུ་གཏོང་བ། ཞིང་འབྲོག་པར་ཡོང་འབབ་འཕར་རྒྱུར་ཤུགས་རྒྱག་པ། ཞིང་འབྲོག་མང་ཚོགས་ཚོར་ཕན་པ་དངོས་ཐོབ་ཐུབ་པའི་འབད་བརྩོན་ལྷོད་མེད་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་མི་རིགས་ཁག་གི་མི་དམངས་རྣམས་ལ་སྔར་བས་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་རྒྱུ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
གནས་གཞི་ཤང་དུ་གྲོང་ཚོར་བཅའ་སྡོད་ལས་དོན་སྐོར་གྱི་སྙན་ཞུ་གསན་རྗེས་བྱམས་པ་ཕུན་ཚོགས་ཀྱིས་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་ལ་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་བ་ནི་རང་ལྗོངས་སུ་སྔར་བྱུང་མྱོང་མེད་པའི་རང་ལྗོངས་ཀྱི་གནས་ཚུལ་ལ་བརྟག་ཞིབ་ཆེན་པོ་བྱེད་པ་ཞིག་དང་ལས་བྱེད་པར་སྦྱོང་བརྡར་ཆེན་པོ་སྤྲོད་པ་ཞིག་རེད་ལ་དམངས་གཅེས་དམངས་ཆེད་ཀྱི་བྱ་སྤྱོད་ཆེན་པོ་ཞིག་དེ་བས་ཀྱང་རེད། ལོ་གཅིག་གི་རིང་མཚོ་སྨད་རྫོང་དུ་མངཌ་གཏོང་བྱས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་དོན་རུ་ཁག་6གིས་དུད་ཚང་དུ་འདྲི་རྩད་བྱེད་པར་བསྐྱོད་རྒྱུ་དང་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་གཞི་རྩའི་བྱ་ཐབས་ཤིག་ཏུ་བརྩིས་ཏེ་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། བརྟན་ལྷིང་སྲུང་སྐྱོང་བྱས་པ། དཀའ་ངལ་བསལ་བ་དང་། གཞི་རིམ་གྱི “ཨུ་ལྷན་གཉིས ”ཀྱི་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལེགས་འདེམས་ཧྲག་སྒྲུག་རྒྱག་པ། ཞིང་འབྲོག་པའི་ཁྲོད་ཏང་ཡོན་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ། གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་དེ་གའི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་བཏང་བ། འཕེལ་རྒྱས་ཀྱི་འཆར་གཞི་བཀོད་དེ་ཞིང་ནང་ཆུ་བེད་འཛུགས་སྐྲུན་བྱ་རྒྱུ་དང་། གྲོང་ཚོར་ཤར་གཏོང་ཐུབ་པའི་གཞུང་ལམ་ལེགས་སུ་གཏོང་རྒྱུ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ། མི་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་ས་ཆ་དངོས་སུ་རྟོག་ཞིབ་བྱེད་པར་བསྐྱོད་པ་དང་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་ནས་ཐུང་སྙོམས་མགྱོགས་གསུམ་གྱི་རྣམ་གྲངས་ཡག་པོ་ཁག་གཅིག་འཆར་འགོད་དང་གོང་ཞུ་བྱས་པ། “ཏང་གི་བཀའ་དྲིན་ཚོར་བ་དང་། ཕྱུག་པོར་འགྱུར་ལུགས་བསམ་པ། བརྟན་ལྷིང་དགོས་གལ་ཆེ་བ། འཕེལ་རྒྱས་བརྩོན་ལེན་བྱེད་པ ”བཅས་ཀྱི་བརྗོད་བྱ་གཙོ་བོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཏང་གི་དྲིན་ཚོར་སློབ་གསོ་མི་སེམས་སུ་གཏིང་ཟབ་ཟུག་པ་བྱས་པ་རེད། ལྷག་པར་དུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་ལས་ཞུགས་དང་། སྨན་བསྟེན། སློབ་ཞུགས་བཅས་གསུམ་དང་། སྤྱི་ཚོགས་འགན་ལེན་དང་སྨན་བཅོས་འགན་ལེན་གཉིས། ལམ་དང་། ཆུ། འཕྲིན་གཏོང་། སྦྲག་སྲིད། རླུང་འཕྲིན། བཪྙན་འཕྲིན་བཅས་ཤར་གཏོང་དྲུག ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་སོགས་དོན་དངོས་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་དང་། མང་ཚོགས་ཚོར་བྱ་བ་དངོས་བསྒྲུབས་པ། དཀའ་གནད་བསལ་བ། བྱ་བ་བཟང་པོ་བསྒྲུབས་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་བར་མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་ཉེར་ཡོད་པའི་སྐབས་སུ་བྱམས་པ་ཕུན་ཚོགས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དང་རྒྱ་ཆེའི་གཞི་རིམ་གྱི་ལས་བྱེད་པ་ཚོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་སྔར་བས་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་ནན་པོར་གཞིགས་པ། ཞིང་འབྲོག་ཁུལ་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་གཏོང་རོགས་བྱ་རྒྱུ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་གཉིས་རྨང་བརྟན་དམངས་ཕན་བྱེད་སྒོ་ཧྲིལ་པོའི་ནང་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། མང་ཚོགས་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱ་རྒྱུ་དང་། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། ཞིང་འབྲོག་པར་ཡོང་འབབ་འཕར་བ་བྱ་རྒྱུ་བཅས་རྨང་བརྟན་དམངས་ཕན་བྱེད་པའི་འགོ་འཛུགས་ས་དང་། དོན་ལ་བབས་ས། དམིགས་ས་བཅས་སུ་ཐོག་མཐའ་བར་གསུམ་དུ་བརྩི་བ། དེ་དང་ཕྱོགས་མཚུངས་སུ་སྤྲོ་སེམས་རབ་ཏུ་འཁོལ་བ་དང་། ཡིད་ཆེས་དེ་བས་བརྟན་པ། བྱ་ཐབས་སྔར་བས་ནུས་ལྡན། སྤྱོད་ཚུལ་དེ་བས་ཡག་པ་བཅས་ཀྱི་ཐོག་ནས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
བྱམས་པ་ཕུན་ཚོགས་ཀྱིས་ས་གནས་དེ་གའི་མང་ཚོགས་ཚོའི་ཐོན་སྐྱེད་འཚོ་བ་དང་སྤྱི་ཚོགས་བརྟན་ལྷིང་ལ་དོ་ཁུར་ཧ་ཅང་ཆེན་པོ་གནང་ཞིང་། ཁོང་གིས་གནས་གཞི་གྲོང་ཚོའི་བསོད་ནམས་རྡོ་རྗེ་དང་། བསོད་ནམས་སྒྲོལ་མ། བདེ་ཆེན། བསྟན་འཛིན་ཆོས་གྲགས་སོགས་ཏང་ཡོན་རྒན་གྲས་ཁག་གཅིག་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁྱིམ་ཚང་ཁག་གཅིག་ཏུ་ཕེབས་ནས “འདི་ལོ་ཡོང་འབབ་གང་འདྲ་བྱུང་ངམ ”དང་། “ཕྲུ་གུ་སློབ་གྲྭ་གང་དུ་གཏོང་གི་ཡོད་དམ ”“རིན་མེད་ངང་གཟུགས་པོ་བརྟག་དཔྱད་བྱས་པ་ཡིན་ནམ ”“ ཞིང་འབྲོག་ཁུལ་གྱི་སྨན་བཅོས་རྩིས་ཞུའི་ལམ་ལུགས་དོན་འཁྱོལ་བྱུང་ངམ ”“ཁྱིམ་དུ་ད་དུང་དཀའ་ངལ་གང་འདུག་གམ ”ཞེས་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་སྐོར་གྱི་མང་ཚོགས་ཚོའི་བསམ་འཆར་དང་གྲོས་འགོ་གསན་པ་དང་འབྲེལ་ཁོང་ཚོར་འཚམས་འདྲིའི་དངུལ་ཡང་གནང་བ་རེད། གནས་གཞི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་དགོན་པའི་དགེ་འདུན་པ་ཚོར་གཟིགས་པ་དང་འཚམས་འདྲི་གནང་སྐབས་བྱམས་པ་ཕུན་ཚོགས་ཀྱིས་ཁོང་ཚོར་རྒྱལ་སྐྱོང་འགྲོ་ཕན་གྱི་དཔེ་བཟང་ཞིག་ཧུར་བརྩོན་ཆེན་པོས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་དང་ཞི་མཐུན་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་དང་། ལྷོ་ཁ་ས་ཨུད། མཚོ་སྨད་རྫོང་བཅས་ཀྱི་འགན་འཁུར་བློ་མཐུན་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།