ཉིན་ཤས་གོང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་བོད་ནས་ཞལ་གྱེས་ཏེ་པེ་ཅིང་དུ་ཕེབས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་བཅས་དང་དེ་བཞིན་ལང་ཡིའུ་ལེའང་དང་། བློ་བཟང་རྒྱལ་མཚན། ཅིན་ཧྲུའུ་པོ། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ལེའང་ཐེན་ཀེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་བློ་མཐུན་རག་སྡིས་ལ་ཕེབས་སྐྱེལ་ཞུས་པ་རེད།
ཁྲེན་ཆོན་གོས་ཕེབས་སྐྱེལ་ཞུ་སྐབས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་མི་རིགས་ཁག་གི་མི་དམངས་ཁྲི་300ཡི་ཚབ་ཞུས་ནས་བློ་མཐུན་རག་སྡིས་ལ་ལྷག་བསམ་ཟོལ་མེད་ཀྱི་བཀྲ་ཤིས་སྨོན་འདུན་ཞུས་པ་དང་ཁོང་གིས་བོད་ཀྱི་ལས་དོན་ཁག་ལ་ཐུགས་ཁུར་དང་། རྒྱབ་སྐྱོར། མཛུབ་ཁྲིད་བཅས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁྲེན་ཆོན་གོས་བློ་མཐུན་རག་སྡིས་བོད་དུ་ཞུགས་རིང་གཞི་རིམ་དུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་དང་། སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཁྱབ་ངང་འབྲེལ་གཏུག བྱེད་སྒོ་ཁག་ནང་ཧུར་ཐག་ཞུགས་པ་བཅས་གནང་སྟེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ཤུགས་ཆེའི་རྒྱབ་སྐྱོར་དང་ནུས་ལྡན་གྱི་མཛུབ་ཁྲིད་གནང་བ་བོད་ཀྱི་མི་དམངས་ཚོས་དུས་ནམ་ཡང་བརྗེད་མི་སྲིད། བློ་མཐུན་རག་སྡིས་ཕ་ཡུལ་དུ་མང་ཙམ་ཕེབས་ནས་མང་ཙམ་གཟིགས་ཏེ་བོད་ལ་དོ་ཁུར་དང་། རྒྱབ་སྐྱོར། མཛུབ་ཁྲིད་བཅས་མང་ཙམ་གནང་ནས་ང་ཚོས་བོད་ཀྱི་ལས་དོན་ཁག་དེ་བས་ལེགས་པའི་ངང་སྒྲུབ་ཆེད་རོགས་རམ་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
རག་སྡིས་ཀྱིས་རང་ཉིད་བོད་དུ་ཟླ་བ་གཉིས་ལྷག་ཙམ་སྡོད་རིང་བོད་ཀྱི་མིག་སྔའི་འཕེལ་རྒྱས་དང་བརྟན་ལྷིང་སོགས་ཕྱོགས་གང་ཅིའི་ཐད་ཀྱི་དུས་བབ་ཧ་ཅང་ཡག་པོ་ཡོད་པའི་མྱོང་ཚོར་བྱུང་། དེ་དག་ནི་རྒྱལ་སྲིད་དར་ཞིང་མི་སེམས་མཐུན་པ་དང་། ལས་རིགས་ཀུན་དར་ཞིང་རྒྱས་པ། དཔལ་འབྱོར་འཕེལ་རྒྱས། དུས་བབ་བརྟན་ལྷིང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་གཏོང་། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ལས་བྱུང་བ་ཞིག་རེད་ཅེས་བརྗོད་ཆོག་པ་དང་ཕྱོགས་གང་ས་ནས་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་གྱི་རྣམ་པ་གསར་པ་མངོན་གྱི་འདུག་ཅེས་གསུངས་པ་རེད།
ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ལྗོངས་སྲིད་གཞུང་། ལྗོངས་སྲིད་གྲོས། བོད་དམག་ཁུལ་ཁང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། ལྗོངས་མི་དམངས་ཞིབ་དཔྱོད་ཁང་སོགས་ཀྱི་འགན་འཁུར་བློ་མཐུན་ཕེབས་སྐྱེལ་ཞུ་སྐབས་ལྷན་དུ་ཕེབས་ཡོད་པ་རེད།