ཟླ་9ཚེས་25ཉིན་དང་ཚེས་26ཉིན་ལྗོངས་ཡོངས་ཀྱི་འབྲོག་ཁུལ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་འབྲོག་ལས་འབྲོག་ཁུལ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཕྱོགས་སྡོམ་དང་། འབྲོག་ཁུལ་ལས་དོན་ཐད་འཕྲད་པའི་དུས་བབ་ལ་དབྱེ་ཞིབ། དུས་སྐབས་གསར་པའི་འབྲོག་ཁུལ་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བྱམས་པ་ཕུན་ཚོགས་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་སྐལ་བཟང་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དོན་འཁྱོལ་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཞིག་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག ས་ཁོངས་འཕེལ་རྒྱས་ཀྱི་སྤྱིའི་འཐབ་ཇུས་ལག་ལེན་བསྟར་བའི་གལ་ཆེའི་གྲུབ་ཆ་ཞིག སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་བྱ་ཐབས་ཤིག མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་འགན་ལེན་བྱེད་པའི་དགོས་མཁོ་དངོས་བཅས་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འབྲོག་ཁུལ་ལས་དོན་ལ་སྔར་ནས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་1959ལོ་དང་། 1961ལོ། 1973ལོ། 1978ལོ། 1990ལོ་བཅས་ལ་འབྲོག་ཁུལ་ལས་དོན་གྱི་ཚོགས་འདུ་འཚོགས་ནས་དུས་སྐབས་མི་འདྲ་བའི་འབྲོག་ཁུལ་ལས་དོན་ཐད་བཀོད་སྒྲིག་རབ་དང་རིམ་པ་བྱས་པ་དང་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཟོས་ནས་འབྲོག་ཁུལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། དུས་རབས་གསར་པར་སླེབས་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འབྲོག་ཁུལ་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་བྱ་ཐབས་ཁག་སྔར་བས་འཐུས་ཚང་དུ་གཏོང་བ། འབྲོག་ཁུལ་སྒྱུར་བཅོས་ཟབ་ཏུ་གཏོང་བ་བཅས་ཀྱི་ཐོག་ནས་འབྲོག་ཁུལ་གྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། འབྲོག་ལས་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་བརྟན་པོ་ཡོང་བ་བྱེད་པ་དང་འཐུས་ཚང་དུ་བཏང་སྟེ་རྩྭ་ར་དུད་ཚང་ལ་འགན་གཙང་སྤྲོད་པའི་ལས་དོན་ཧུར་ཐག་སྤེལ་བ་དང་། རང་བྱུང་རྩྭ་ཐང་སྲུང་སྐྱོང་དང་། ཕྱུགས་བཀག་རྩྭ་གསོ། འབྲོག་པ་གཞིས་ཆགས་སོགས་ཀྱི་ལས་གྲྭ་ལག་ལེན་བསྟར་ནས་རྒྱལ་ཡོངས་ཀྱི་སྔོན་དུ་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་སྐྱིན་གསབ་བྱ་དགའི་ལམ་སྲོལ་གྱི་ཚོད་ལྟའི་ལས་དོན་སྤེལ་བ་དང་སྦྲགས་ཁྱོན་ཡོངས་སུ་ཁྱབ་པ་བྱས་པས་རྩྭ་ཐང་གི་ཐོན་ཁུངས་བེད་སྤྱོད་བྱེད་མང་བ་ལས་སྲུང་སྐྱོང་བྱེད་ཉུང་བ་དང་། ལེན་མང་བ་ལས་མ་འཇོག་བྱེད་ཉུང་བའི་རྣམ་པ་ནས་སྣོད་བཅུད་དང་། འཛུགས་སྐྲུན། དོ་དམ་བཅས་ལ་མཐོང་ཆེན་བྱེད་པའི་བར་འགྱུར་ལྡོག་ཕྱིན་པ་དང་། ཕྱོགས་རྐྱང་པའི་ཐོག་ནས་ཕྱུགས་རིགས་ཀྱི་གྲངས་འབོར་དོན་གཉེར་བྱེད་པ་ནས་ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་བཅོས་དང་། ཕྱུགས་ཁྱུའི་གྲུབ་ཆ་ལེགས་སུ་གཏོང་བ། ཚན་རིག་དང་མཐུན་པའི་ངང་ཕྱུགས་རིགས་གསོ་བ་བཅས་ཀྱི་བར་འགྱུར་ལྡོག་ཕྱིན་པ། ཁྱིམ་ཚང་རེ་དང་དུད་ཚང་རེས་ཕྱུགས་རིགས་འཚོ་བ་ནས་མཉམ་འབྲེལ་མཉམ་ལས་གཉེར་སྐྱོང་བྱེད་པའི་བར་འགྱུར་ལྡོག་ཕྱིན་པ་བཅས་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། འབྲོག་ལས་ཐོན་སྐྱེད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་གྲུབ་འབྲས་ལེགས་པོ་ཐོབ་པ། འབྲོག་ཁུལ་གྱི་དམངས་འཚོ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་ཅེས་བསྟན་པ་རེད།
ཚོགས་འདུའི་ཐོག་འབྲོག་ཁུལ་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་བ་དང་ལས་སྣེ་མང་བས་ངེས་པར་དུ་གཙོ་གནད་འབུར་དུ་ཐོན་པ་དང་འགག་རྩར་དམ་འཛིན་བྱས་ཏེ་ལས་དོན་ཁག་ཏན་ཏིག་བསྒྲུབ་དགོས་པ་སྟེ། གཅིག་ནས་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུར་སྣང་ཆེན་བྱས་ཏེ་འབྲོག་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཉིས་ནས་ཚན་རྩལ་ལ་བརྟེན་ནས་འབྲོག་ལས་དར་བ་བྱེད་པའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་དེང་རབས་འབྲོག་ལས་འཕེལ་རྒྱས་མགྱོགས་པོ་གཏོང་བ། གསུམ་ནས་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། བཞི་ནས་ཕྱོགས་བསྡུས་བྱ་ཐབས་སྤྱད་དེ་འབྲོག་པའི་ཡོང་འབབ་མགྱོགས་པོ་འཕར་བ་བྱེད་པ། ལྔ་ནས་འབྲོག་ཁུལ་གྱི་སྤྱི་པའི་བྱ་གཞག་ལ་སྐུལ་འདེད་བཏང་ནས་དམངས་འཚོ་ལེགས་སུ་གཏོང་རྒྱུར་འགན་ལེན་ཏན་ཏིག་བྱེད་པ་བཅས་ཀྱི་ནན་བཤད་བྱས་པ་རེད།
མཇུག་ཏུ་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི 《འབྲོག་ཁུལ་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག 》(རྒྱལ་སྤེལ [2011]ཨང་བཅུ་བདུན་པ )གི་ཡིག་ཆ་ ལག་བསྟར་དོན་འཁྱོལ་བྱས་ཏེ་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་དང་། དམིགས་ཚད། བྱ་ཐབས་བཅས་ཁ་གསལ་བཟོས་ཟིན་པས་འགག་རྩ་དོན་འཁྱོལ་བྱ་རྒྱུར་ཐུག་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བྱ་སྤྱོད་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་དམ་པ་དོན་གཉེར་གྱིས་འབྲོག་ཁུལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་གཞོལ་དགོས་པའི་བླང་བྱ་བཏོན་པ་རེད།
ཚོགས་འདུའི་ཐོག 《འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྲིད་ཇུས་འགའ་ཞིག་གི་བསམ་འཆར (གྲོས་བསྡུར་མ་ཟིན )》ལ་གྲོས་ཞིབ་བྱས་པ་རེད།