དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་འདོམས་པུའུ་ཡིས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་ཆར་རང་སྐྱོང་ལྗོངས་བརྟན་སྲུང་ལས་དོན་བཀོད་འདོམས་པུའུ་ཡིས་ཚོགས་འདུ་འཚོགས་ཏེ་དུས་རབས་རྗེས་མའི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་དཔོན་ཧའོ་ཕུང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་ཀྱང་གནང་བ་དང་། ཁོང་གིས་ས་ཁུལ་དང་གྲོང་ཁྱེར་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་དང་ཆབ་སྲིད་ཀྱི་འགན་འཁྲི་གསལ་པོ་བཟོས་ནས་བརྟན་ལྷིང་སྲུང་སྐྱོང་དེ་དེང་སྐབས་ཀྱི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྒྱུན་བསྲིང་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        བློ་བཟང་རྒྱལ་མཚན་དང་། ཏེང་ཞའོ་ཀང་། ཏུང་ཡུན་ཧུའུ་བཅས་ཚོགས་འདུར་ཕེབས་ཡོད།

        འབྲེལ་ཡོད་ཕྱོགས་ཁག་གི་སྙན་ཞུ་གསན་རྗེས་ཧའོ་ཕུང་གིས་ད་ཕན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་ཆེད་ལས་འགོ་ཁྲིད་ཚན་ཁག་གི་གཅིག་གྱུར་འགོ་ཁྲིད་འོག་ས་ཁུལ་དང་གྲོང་ཁྱེར་ཁག་དང་།

        སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་མཐུན་སྦྱོར་བྱས་ཏེ་བརྟན་སྲུང་ལས་དོན་གྱི་ཞིབ་བཤེར་ཆེན་པོ་དང་། དངོས་འཐབ་རྩལ་ནུས་ཀྱི་རྩལ་སྦྱོང་ཆེན་པོ། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་བཅོས་སྒྲིག་ཆེན་པོ་བཅས་གཏིང་ཟབ་བྱེད་པ་དང་སྤྱི་ཚོགས་ཀྱི་མཉམ་འགོག་མཉམ་འཛིན་ལས་དོན་ལ་སྐུལ་མ་ཏན་ཏིག་བཏང་བས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་བྱུང་ཡོད། དེང་སྐབས་རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་སྤྱིར་ན་བརྟན་པོ་ཡིན་པ་དང་འོན་ཏེ་མི་མངོན་པའི་རྐྱེན་ངན་སྣ་ཚོགས་སྔར་བཞིན་གནས་པ་དང་བརྟན་ལྷིང་སྲུང་སྐྱོང་དུས་བབ་སྔར་བཞིན་ཪྙོག་འཛིང་ཛ་དྲག་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དུས་བབ་བརྡ་ཁྱབ་གཏོང་བའི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག “བརྟན་ལྷིང་སྲུང་སྐྱོང་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་ལ་སྔར་བས་ཤུགས་སྣོན་རྒྱག་པ། བརྟན་ལྷིང་སྲུང་སྐྱོང་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་འགན་འཁྲི་སྔར་བས་དོན་འཁྱོལ་བྱེད་པ ”བཅས་སྐོར་གྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་བཀོད་སྒྲིག་བླང་བྱ་ལྟར “གསུམ་མི་ཐོན་པའི ”དམིགས་ཚད་བླང་བྱར་གཞིགས་ནས་ལས་དོན་དོན་འཁྱོལ་བྱ་རྒྱུར་སྔར་བས་དམ་འཛིན་བྱེད་པ་དང་ཆབ་སྲིད་ཀྱི་འགན་འཁྲི་གསལ་པོ་བཟོས་ཏེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ནས་སུབས་ཁ་མི་ལུས་པ་དང་། གྲིབ་ཆ་མེད་པ། སྟོང་ཆ་མ་ལུས་པ་བཅས་འགན་ལེན་བྱས་ནས་བོད་འདི་ཞི་མཐུན་བརྟན་ལྷིང་གི་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།

        ཧའོ་ཕུང་གིས་ས་ཁུལ་དང་གྲོང་ཁྱེར་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རིང་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་ལས་དོན་ལྟེ་བར་བརྩིས་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁག་ལ་སྐུལ་མ་ཏན་ཏིག་གཏོང་དགོས། རྡུང་རྡེག་དང་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུར་མུ་མཐུད་སྐུལ་མ་བཏང་སྟེ་སྔ་ཕྱི་བར་གསུམ་དུ་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཁག་ལ་རྡུང་རྡེག་ནན་པོ་གཏོང་བ་དང་དམ་བསྒྲགས་ཀྱི་རྣམ་པ་མཐའ་འཁྱོངས་བྱས་ཏེ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཏན་ཏིག་སེལ་བ་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་འགན་ལེན་བྱས་ནས་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གདེང་ཚོད་གང་ལེགས་མཚོན་པ་དང་གཟི་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱ་རྒྱུར་མུ་མཐུད་སྐུལ་མ་གཏིང་ཟབ་བཏང་སྟེ་སློབ་གསོ་དང་མཛུབ་ཁྲིད་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་གྲྭ་བཙུན་ལ་ཞབས་ཞུ་དང་དོ་དམ་གྱི་ལས་དོན་ཏན་ཏིག་བསྒྲུབས་ནས་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས། “མཐའ་མཚམས་གཉིས་དང་ལམ་ཐིག་གཅིག ”གི་སྔོན་འགོག་ཚོད་འཛིན་དང་མཚོ་བོད་ལྕགས་ལམ་ལམ་སྲུང་མཉམ་འགོག་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་མི་ལ་དཀྲི་བ་དང་བྱ་ཐབས་དོན་འཁྱོལ་ཐུབ་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

        ཧའོ་ཕུང་གིས་འདི་ལོའི་རྒྱལ་སྟོན་དང་བརྒྱད་པའི་བཅོ་ལྔའི་དུས་ཆེན་གྱི་དགུང་གསེང་རིང་རང་ལྗོངས་སུ་ཡུལ་སྐོར་བྱེད་ཆེ་ཤོས་མཐའ་མ་དེ་འཆར་རྒྱུ་ཡིན་པས་སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་འགན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་འགྲོ་ལམ་འགྲིམ་འགྲུལ་དང་། མེ་ཟོན་བདེ་འཇགས། གཙོ་གནད་ལས་གྲྭའི་ལས་ཡུལ། ཡུལ་སྐོར་ཁྲོམ་རའི་ཁྲིམས་འཛིན་ཞིབ་བཤེར་ལས་དོན་བཅས་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ་དང་གྲགས་ཅན་མཛེས་ལྗོངས་ཁུལ་དང་ས་ཚིགས་དང་ཆུ་གློག་སྣུམ་རླངས་སྒྲིག་བཀོད་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས་སྤྱི་པའི་བདེ་འཇགས་ལས་འཛོལ་ཆེན་པོ་དང་ཚབས་ཆེན་ཐོན་རྒྱུ་སྔོན་འགོག་བྱེད་པ་དང་ཆབས་ཅིག་གྲོང་ཁྱེར་དང་གྲོང་རྡལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་འགན་དང་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

        ཧའོ་ཕུང་གིས་ས་ཁུལ་དང་གྲོང་ཁྱེར་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་མིག་སྔའི་ལས་འགན་ཨང་དང་པོ་དང་། ལས་ཀའི་སྲོག་ཤིང་། གལ་ཆེའི་ནང་གི་འགངས་ཆེ་བཅས་ལ་བརྩིས་ཏེ་ཐམས་ཅད་བརྟན་ལྷིང་ལ་བསྟུན་པ་དང་ཐམས་ཅད་བརྟན་ལྷིང་ལ་ཞབས་འདེགས་ཞུ་ཐུབ་པ་བྱེད་དགོས། རིམ་ཁག་ཏང་སྲིད་འགོ་ཁྲིད་གཙོ་བོ་དང་སྐོར་གཡེང་ལས་འགན་ཁུར་མཁན་དཔུང་སྡེའི་དཔོན་རིགས་གཙོ་བོས་ལས་གནས་བརྟན་སྲུང་དང་རང་དཔེ་གཞན་སྟོན་བྱས་ནས་དམག་འཐབ་ལ་སུན་སྣང་བྱེད་པའི་བསམ་ཚུལ་དང་བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་ཆབ་སྲིད་ཀྱི་འགན་འཁྲི་གསལ་པོ་བཟོ་བ་དང་ལས་ཀའི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་ནན་དུ་བཏང་སྟེ་མི་སྣ་ལས་གནས་དང་ལས་དོན་དོན་འཁྱོལ་བྱེད་ཚུལ་ལ་ཞིབ་བཤེར་དང་མངོན་མེད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་འཚུབ་ཆ་ཆེ་བའི་དུས་ཚོད་རིང་འགན་ཤོར་འགན་འཛོལ་མི་སྣར “གང་ལྟར་གསུམ ”གྱི་བླང་བྱ་ལྟར་ས་གནས་ས་ཐོག་ཏུ་གོ་གནས་མེད་པར་བཟོ་བ་དང་། འགན་འཁྲི་བདའ་འདེད་ནན་པོ་བཏང་སྟེ་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་། ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་རང་བཤེར་རང་སྲོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་དུས་ཐོག་ཏུ་ཆད་བཤེར་ཆད་གསབ་བྱས་ནས་ལྕགས་ལྟར་གྱི་སྒྲིག་ལམ་ཐོག་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།