དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ལྗོངས་ཀྱི་ཆུ་བེད་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་25ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་ཆུ་བེད་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་གི་ཆུ་བེད་ལས་དོན་ཚོགས་འདུ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་དང་། ཙུང་ལི་དབུན་ཅ་པའོ། ཙུང་ལི་གཞོན་པ་ཧུའེ་ལེའང་ཡུས་བཅས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གིས་བཏོན་པའི་ཆུ་བེད་སྒྱུར་བཅོས་དང་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གསར་འབྱེད་གསར་གཏོད་དང་ལས་དོན་ཏན་ཏིག་སྤེལ་ཐོག་ལྗོངས་ཡོངས་ཀྱི་ཆུ་བེད་བྱ་གཞག་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་གསར་གཏོད་ཧུར་ཐག་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཅིན་ཧྲུའུ་པོ། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ལེའང་ཐེན་ཀེང་། ཉི་མ་ཚེ་རིང་། ཀྲང་གཡོད་ཕིང་། ཀུང་ཕུ་ཀོང་། སྐལ་བཟང་ཚེ་རིང་། པ་སངས་དོན་གྲུབ། ཀྲང་ཕེ་ཀྲུང་། ཁྱུང་སྲས། ཝང་རུའེ་ལེན། ཀའོ་དབྱང་བཅས་ཕེབས་པ་རེད།

        ཁྲེན་ཆོན་གོས་གསུང་བཤད་གནང་སྐབས་ཀྲུང་དབྱང་གི་ཆུ་བེད་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་། ཁྱོན་ཡོངས་ནས་གོ་བ་ལེན་པ། ལག་བསྟར་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་དང་། ཙུང་ལི་དབུན་ཅ་པའོ། ཙུང་ལི་གཞོན་པ་ཧུའེ་ལེའང་ཡུས་བཅས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་དང་། ཆུ་བེད་སྒྱུར་བཅོས་འཕེལ་རྒྱས་ཀྱི་དུས་བབ་ལ་ཀྲུང་དབྱང་གིས་ཡང་དག་པའི་བརྡར་ཤ་བཅད་པའི་ཐོག་གཅིག་གྱུར། ཆུ་བེད་ལས་དོན་ཐད་ཀྲུང་དབྱང་གིས་སྤྱི་ཡོངས་ནས་བཀོད་སྒྲིག་བྱེད་པའི་ཐོག་གཅིག་གྱུར། ཆུ་བེད་སྒྱུར་བཅོས་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ཀྲུང་དབྱང་གི་ཞིབ་ཕྲའི་བླང་བྱའི་ཐོག་གཅིག་གྱུར་བཅས་བྱེད་དགོས། ཆུ་བེད་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ་དེ་ཆུའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་དང་རྒྱུན་བསྲིང་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཆུའི་ཐོན་ཁུངས་ཀྱི་ཁུལ་ཆེན་དེ་ཆུ་བེད་བྱ་གཞག་འཕེལ་རྒྱས་ཀྱི་སྟོབས་ཆེའི་ཁུལ་དུ་འགྱུར་ལྡོག་ཡོང་བ་བྱེད་པའི་བྱེད་ཐབས་གལ་ཆེན་དང་། ཞིང་འབྲོག་ལས་ཀྱི་རྨང་གཞིའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་རིམ་སྤོར་བྱེད་པའི་འདེགས་སྐྱོར་གལ་ཆེན། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་ཐོན་ཁུངས་གྲོན་ཆུང་རྣམ་པ་དང་ཁོར་ཡུག་མཛའ་མཐུན་རྣམ་པའི་སྤྱི་ཚོགས་བསྐྲུན་པའི་གོམ་སྟབས་གལ་ཆེན། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་སྤྱི་ཚོགས་མཐུན་སྦྱོར་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་རང་བྱུང་གནོད་འཚེ་བཀག་འགོག་བྱེད་པའི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་བའི་ཐབས་ལམ་གལ་ཆེན་བཅས་ཡིན་པས་འགན་འཁྲི་ཁུར་སེམས་དང་། ཁ་ཚ་དགོས་གཏུགས་ཀྱི་བསམ་པ། ལས་འགན་སྒྲུབ་སེམས་བཅས་སྔར་བས་ཆེ་རུ་བཏང་ཐོག་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལྗོངས་ཡོངས་ཀྱི་ཆུ་བེད་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་བསྟན་གནང་བ་རེད།

        ཁྲེན་ཆོན་གོས་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་རྒྱལ་ཡོངས་ཀྱིས་ཆུ་བེད་འཕེལ་རྒྱས་ཆེན་པོ་གཏོང་བའི་ཐོབ་དཀའ་བའི་གོ་སྐབས་དམ་འཛིན་བྱས་ཏེ་ཆུ་བེད་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་གོམ་སྟབས་ཟམ་མི་ཆད་པར་མགྱོགས་སུ་བཏང་ཐོག་རང་ལྗོངས་ཀྱི་ཆུ་བེད་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་རྒྱུ་དེ་སྐས་རིམ་གསར་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། གཅིག་ནས་སྤྱི་ཡོངས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ་དང་། གཉིས་ནས་དམིགས་ཚད་འགན་འཁྲི་ཁ་གསལ་བཟོ་བ། གསུམ་ནས་སྲིད་ཇུས་བྱེད་ཐབས་ཤུགས་ཆེར་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་གསུང་བཤད་གནང་སྐབས་ཆུ་བེད་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཕ་ཚ་བུ་རྒྱུད་ལ་ཕན་པའི་བྱ་གཞག་ཅིག་ཡིན་པས་ངེས་པར་དུ་འགན་འཁྲིའི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་བསམ་བློའི་ངོས་འཛིན་དེ་ཆུ་བེད་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་ཀྱི་བླང་བྱ་གཞིར་བཟུང་ལྗོངས་ཡོངས་ཀྱི་ཆུ་བེད་སྒྱུར་བཅོས་དང་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ལས་དོན་དེ་མཐའ་གཅིག་ཏུ་དོན་འཁྱོལ་ཡོང་བ་བྱེད་དགོས། གཅིག་ནས་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གཉིས་ནས་ལས་འགན་དང་འགན་འཁྲི་དོན་འཁྱོལ་བྱེད་པ། གསུམ་ནས་སྒྲིལ་ཤུགས་སྟོབས་ཆེན་ཏན་ཏིག་ཆགས་པ་བྱེད་པ། བཞི་ནས་མ་དངུལ་བེད་སྤྱོད་དང་རྣམ་གྲངས་འཛུགས་སྐྲུན་དོ་དམ་སྔར་བས་ནན་པོ་བཅས་བྱེད་དགོས་ཞེས་བསྟན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།