2006ལོར་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་བོད་ཀྱི་ཏ་ལའི་ལོ་མའི་ལནྫའི་དཔེ་ཆ་སྲུང་སྐྱོབ་དང་ཞིབ་འཇུག་ལས་དོན་སྤེལ་དགོས་པའི་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ཚུན་ལོ་དྲུག་གི་རིང་མྱུར་སྐྱོབ་དང་། སྲུང་སྐྱོབ། ཞིབ་འཇུག་བཅས་ཀྱི་ལས་དོན་སྤེལ་བ་བརྒྱུད་མིག་སྔར་རང་ལྗོངས་ཀྱི་ད་ཡོད་ཏ་ལའི་ལོ་མའི་དཔེ་ཆར་ཡོངས་ཁྱབ་ཞིབ་བཤེར་དང་། ལེགས་སྒྲིག ཐོ་འགོད། དཀར་ཆག་ལེགས་སྒྲིག མ་ཡིག་པར་ལེན་སོགས་རྨང་གཞིའི་རང་བཞིན་གྱི་སྲུང་སྐྱོབ་ལས་དོན་བདེ་བླག་ངང་བསྒྲུབས་ཤིང་། གོང་ཚེས་ཉིན་གྱི་ཕྱི་དྲོ་ལྗོངས་ཡོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་ལས་དོན་གྱི་ཕྱོགས་སྡོམ་དང་གཟེངས་བསྟོད་ཚོགས་ཆེན་དེ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་། བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་དང་ཞིབ་འཇུག་འདུ་འགོད་ཀྱི་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཁྲེན་ཁུའེ་ཡོན་གྱིས་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧའོ་ཕུང་གིས་གསུང་བཤད་གནང་བ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་ལྷག་པ་ཕུན་ཚོགས་ཀྱིས་ཤིས་ཚིག་གསུངས་པ་རེད།
ཧའོ་ཕུང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་མཁན་ཚན་པ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་དང་ཞིབ་འཇུག་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་ཞིང་། ཁོང་གིས་བོད་ཀྱི་ད་ཡོད་ཏ་ལའི་ལོ་མའི་དཔེ་ཆ་ནི་ནང་བསྟན་ལོ་རྒྱུས་དང་། ནང་བསྟན་གྱི་ལོ་ཙཱའི་ལོ་རྒྱུས། ཚན་རྩལ་གྱི་ལོ་རྒྱུས། ཀྲུང་གོ་དང་རྒྱ་གར་དབར་གྱི་རིག་གནས་སྤེལ་རེས་ལོ་རྒྱུས་བཅས་ལ་ཞིབ་འཇུག་བྱེད་པའི་ཐད་མེད་དུ་མི་རུང་བའི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ཁྲོད་ཀྱི་འོད་མདངས་རྣམ་པར་བཀྲ་བའི་མུ་ཏིག་ཅིག་ཡིན་ལ་མིའི་རིགས་ཐུན་མོང་གི་རིག་གནས་ཤུལ་བཞག་དང་བསམ་པའི་རྒྱུ་ནོར་ཞིག་དེ་བས་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་དང་ཞིབ་འཇུག་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་འབྲེལ་ཡོད་ལས་དོན་སྙན་སེང་ཐེངས་མང་གསན་པ་དང་གལ་ཆེའི་མཆན་བཀོད་མཛུབ་སྟོན་དང་བཀའ་སློབ་གནང་བ། རང་སྐྱོང་ལྗོངས་ཀྱིས་དུས་ཐོག་ཏུ་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་ལས་དོན་འགོ་ཁྲིད་ཚོགས་ཆུང་དུས་ཐོག་ཏུ་བཙུགས་ཏེ་རང་ལྗོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་ལས་དོན་ལ་མཛུབ་ཁྲིད་དང་སྐུལ་འདེད་ནུས་ལྡན་གནང་ཡོད། ལོ་དྲུག་གི་ནང་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ལྷག་པར་དུ་རང་སྐྱོང་ལྗོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་བློ་མཐུན་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་རྒྱུ་དེ་རང་ཉིད་ཀྱི་ལས་འགན་དུ་བརྩིས་ནས་ཡོངས་ཁྱབ་ཞིབ་བཤེར་དང་། དཀར་ཆག་སྒྲིག་པ། པར་ལེན་བྱེད་པ་བཅས་ཀྱི་ལས་དོན་ཞིབ་ཚགས་སྤེལ་བ་དང་། སྲུང་སྐྱོང་གི་དོ་དམ་བྱེད་ཐབས་ཞིབ་འཇུག་དང་དོན་འཁྱོལ་བྱས་པ། རིག་གཞུང་སྤེལ་རེས་ཧུར་ཐག་བཅས་བྱས་ནས་རང་ལྗོངས་ཀྱི་ད་ཡོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆའི་གཞི་གྲངས་གསལ་རྟོགས་ཀྱིས་སྲུང་སྐྱོབ་དོ་དམ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
ཧའོ་ཕུང་གིས་ལོ་དྲུག་གི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་རང་ལྗོངས་ཀྱིས “སྲུང་སྐྱོབ་ལ་ཤུགས་སྣོན་དང་དཀར་ཆག་སྒྲིག་རྒྱུའི ”དུས་མཚམས་རང་བཞིན་གྱི་ལས་འགན་ཆེན་པོ་གཉིས་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་སྟེ་ཚད་གཞི་མཐོ་བ་དང་སྤུས་ཚད་ལེགས་པའི་སྒོ་ནས་ལྗོངས་ནང་ཁུལ་གྱི་ད་ཡོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་པོ་ཏི (རིགས )1000ལྷག་ཙམ་སྟེ་ཏ་ལའི་ལོ་མའི་དཔེ་ཆ་ཤོག་ལྷེ་ཁྲི་6ཙམ་ལ་བརྟག་དཔྱད་དང་། ལེགས་སྒྲིག དཀར་ཆག་སྒྲིག་པ། པར་ལེན་བཅས་ཀྱི་ལས་དོན་ལེགས་སྒྲུབ་བྱས་ནས 《བོད་རང་སྐྱོང་ལྗོངས་ཀྱི་གཅེས་ཉར་བྱས་པའི་ཏ་ལའི་ལོ་མའི་དཔེ་ཆའི་སྤྱིའི་དཀར་ཆག 》དང་། 《བོད་རང་སྐྱོང་ལྗོངས་ཀྱི་གཅེས་ཉར་བྱས་པའི་ཏ་ལའི་ལོ་མའི་དཔེ་ཆའི་པར་ལེན་ཀུན་བཏུས 》《བོད་རང་སྐྱོང་ལྗོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་འཆར་བཀོད་དང་ལག་བསྟར་བྱེད་ཐབས 》སོགས་དུས་མཚམས་རང་བཞིན་གྱི་གལ་ཆེའི་གྲུབ་འབྲས་ཆེན་པོ་བརྒྱད་ཐོབ་ནས་སླད་ཕྱིན་གྱི་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད། གྲུབ་འབྲས་གལ་ཆེན་དེ་དག་ཐོབ་པ་དེས་རང་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཞིབ་འཇུག་ལས་དོན་ལ་མིག་དཔེ་བསྟན་ཡོད་ལ་མིའི་རིགས་ཀྱི་ཤེས་དཔལ་རྒྱུན་འཛིན་བྱེད་པའི་ཐད་སུབ་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་ཡོད། དེ་ནི་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་བོད་དུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན་ལ་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བའི་གཅིག་སྡུད་ཀྱི་མཚོན་ཚུལ་ཞིག་ཡིན་ཞེས་གསུངས་པ་རེད།
ཧའོ་ཕུང་གིས་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་དང་ཞིབ་འཇུག་གི་ལས་དོན་དེ་ནི་ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་མིའི་རིགས་ཀྱི་ཤེས་དཔལ་གྲུབ་འབྲས་སྲུང་སྐྱོབ་བྱེད་པ་དང་། སྲོལ་རྒྱུན་རིག་གནས་ཤུལ་བཞག་མྱུར་སྐྱོབ་བྱེད་པ། ཁྱད་ལྡན་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འདུ་འགོད་གལ་ཆེན་ཞིག་ཡིན་ལ་དུས་ཡུན་རིང་པོའི་ནང་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་དང་རྒྱལ་ཁབ་ཕྱི་ནང་གི་ཁ་ཕྲལ་ཕྱོགས་གཏོགས་ཀྱིས་བསམ་ངན་ཁོག་བཅུག་ངང “བོད་ཀྱི་རིག་གནས་རྩ་མེད་བཟོ་བ་ཟེར་བའི ”འཆལ་གཏམ་སྤེལ་བར་རྒོལ་ལན་ནུས་ལྡན་བསློགས་པ་ཞིག་ཀྱང་ཡིན། རེ་བར་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ད་རེས་ཀྱི་གཟེངས་བསྟོད་ཚོགས་ཆེན་གོ་སྐབས་སུ་བྱས་ནས་སྟོབས་ཤུགས་བསྡུ་སྒྲིལ་གྱིས་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་དོ་དམ་དང་རིག་གཞུང་ཞིབ་འཇུག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དེའི་རིག་གཞུང་གི་རིན་ཐང་དང་སྤྱི་ཚོགས་ཀྱི་རིན་ཐང་སྔོག་འདོན་གང་ལེགས་བྱེད་པ། སྲུང་སྐྱོབ་དང་ཞིབ་འཇུག་གི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ་རང་ལྗོངས་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱས་ཏེ་བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
ཧའོ་ཕུང་དང་ལྷག་པ་ཕུན་ཚོགས་སོགས་འགོ་ཁྲིད་བློ་མཐུན་གྱིས་ལྗོངས་ཡོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་ལས་དོན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཚན་པ་དང་། སྔོན་ཐོན་ཚན་པ། ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་མི་སྒེར། སྔོན་ཐོན་མི་སྒེར་བཅས་ཀྱི་འཐུས་མིར་བྱ་དགའ་སྤྲད་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་ཚོགས་འདུར་ཕེབས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཏེ་ལིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ 《ལྗོངས་ཡོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་ལས་དོན་གྱི་སྔོན་ཐོན་ཚན་པ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས 》སྒྲོག་སྦྱངས་གནང་བ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོའན་ཀྲང་པད་མ་རྣམ་རྒྱལ་གྱིས་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་གནང་བ་རེད།