ཟླ་9ཚེས་23ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་ཀྱིས་ལྷ་སར་ཨོ་སི་ཁྲུ་རི་ཡའི་ཀྲུང་གོ་ཞི་བའི་གཅིག་གྱུར་སྐུལ་འདེད་ལྷན་ཚོགས་ཀྱི་བོད་སྐྱོད་འཚམས་འདྲི་ཚོགས་པ་བཅས་པ་དང་མཇལ་འཛོམས་གནང་བ་རེད།
མགོན་པོ་བཀྲ་ཤིས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་འཚམས་འདྲི་ཚོགས་པ་བཅས་པ་བོད་དུ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་འབྲེལ་སྨོན་འདུན་བཟང་པོ་ཡང་ཞུས་ཤིང་། ཁོང་གིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་མ་ཟད། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་30ལྷག་ཙམ་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད་བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་ལ་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་ཐོབ་པ་དང་སྤྱི་ཚོགས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅེས་གསུངས་པ་རེད།
མགོན་པོ་བཀྲ་ཤིས་ཀྱིས་ད་དུང་དུས་ཡུན་རིང་པོའི་ནང་ཕྱིར་སྡོད་སྤུན་ཟླས་མེས་རྒྱལ་གོང་བུ་གཅིག་གྱུར་དང་། འཕེལ་རྒྱས། དར་རྒྱས་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཧ་ཅང་ཆེན་པོ་གནང་ཡོད། འཚམས་འདྲི་ཚོགས་པ་བཅས་པ་རྟག་ཏུ་བོད་དུ་ཕེབས་ནས་མང་ཙམ་བསྐྱོད་པ་དང་མང་ཙམ་གཟིགས་ནས་བོད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་དགའ་འོས་པའི་འགྱུར་ལྡོག་བྱུང་བ་ཉམས་སུ་མྱོང་རྒྱུའི་རེ་བ་ཡོད་ལ་ཚང་མས་དོན་དངོས་ཐོག་ནས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛམ་གླིང་ལ་ངོ་སྤྲོད་བྱེད་པ་དང་འབྲེལ་བོད་དང་ཕྱི་གླིང་དབར་སྤེལ་རེས་ཀྱི་འབྲེལ་ཐག་དང་འབྲེལ་ཟམ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
འཚམས་འདྲི་ཚོགས་པའི་ཚོགས་གཙོ་དང་། ཨོ་སི་ཁྲུ་རི་ཡའི་ཀྲུང་གོ་ཞི་བའི་གཅིག་གྱུར་སྐུལ་འདེད་ལྷན་ཚོགས་ཀྱི་ཚོགས་གཙོ། ཀྲུང་ཧྭ་ཕྱི་གླིང་མཐུན་འབྲེལ་ལྷན་ཚོགས་ཀྱི་ཕྱི་གླིང་ལས་འཛིན། ཨོ་སི་ཁྲུ་རི་ཡའི་ཨོའུ་ཅང་རྒྱལ་སྤྱིའི་ཚོང་དོན་ཀུང་སིའི་ཏུང་ཧྲི་ཀྲང་བཅས་ཡིན་པའི་ཀྲང་ཝེ་ཆིང་གིས་བོད་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་སྐྱེ་བོ་ཀུན་གྱིས་མཐོང་ཐུབ་པ་དང་འགྱུར་ལྡོག་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུ་ཞིག་འདུག ཨོ་སི་ཁྲུ་རི་ཡའི་ཀྲུང་གོ་ཞི་བའི་གཅིག་གྱུར་སྐུལ་འདེད་ལྷན་ཚོགས་ཀྱིས་སྔར་རྒྱུན་བཞིན་བོད་ལ་དོ་ཁུར་བྱ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས་ད་དུང་ཨོ་སི་ཁྲུ་རི་ཡའི་ཀྲུང་གོ་ཞི་བའི་གཅིག་གྱུར་སྐུལ་འདེད་ལྷན་ཚོགས་ཀྱིས་དངོས་ཡོད་ཀྱི་ཐོག་ནས་འཛམ་གླིང་སྐྱེ་བོ་ཀུན་ལ་བོད་ལྗོངས་ངོ་སྤྲོད་བྱེད་པ་དང་འཐབ་ས་དང་པོར་ཏཱ་ལའི་རུ་ཚོགས་དང་མདུང་རྩེ་ཁ་སྤྲོད་ཀྱིས་འཐབ་རྩོད་བྱེད་ཀྱི་ཡོད་ལ་སླད་ཕྱིན་ཡང་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་མ་ཟད། བོད་ལྗོངས་དྲིལ་བསྒྲགས་བྱེད་པའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་དེ་བས་མང་བ་སྤེལ་ནས་བོད་ལྗོངས་ངོ་མ་ཞིག་ཕྱི་གླིང་བར་ངོ་སྤྲོད་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།