དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོ་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་དུ་ཕེབས་ནས་དཔལ་འབྱོར་འཁོར་སྐྱོད་བྱེད་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་21ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་དུ་ཕེབས་ནས་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཁྲེན་ཆོན་གོ་བདེ་ཆེན་གྲོང་ཚོའི་གྲོང་མི་སྐྲ་བཟང་གི་ཁྱིམ་དུ་ཕེབས་ནས་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བའི་གནས་ཚུལ་ཡིན་པ།

        ཚེས་21ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་དུ་ཕེབས་ནས་དཔལ་འབྱོར་འཁོར་སྐྱོད་བྱེད་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་མཛའ་བརྩེའི་ངང་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཡང་གནང་ཞིང་། ཁོང་གིས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཁག་དམ་པོར་འཛིན་པ་དང་། བྱ་ཐབས་སྤེལ་ཤུགས་ཆེ་རུ་གཏོང་བ། དངོས་འཛིན་དངོས་སྒྲུབ་བྱེད་པ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་དེ་བས་ལེགས་པ་དང་། དེ་བས་མྱུར་བ། དེ་བས་ཆེ་བ་བཅས་ཀྱི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས་པའི་ནན་བཤད་གནང་བ་རེད།

        སྟག་རྩེ་རྫོང་བཟོ་ལས་གླིང་ཁུལ་དུ་གནས་པའི་བོད་ལྗོངས་ཐེན་ཝུའེ་དབྱིང་ལི་ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སི་ནི་ཉི་འོད་ནུས་པའི་འོད་གློག་དང་དེ་བཞིན་འོད་ཀྱི་ཚ་ནུས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་། དཔེ་སྟོན། ཁྱབ་གདལ། བྲིན་ཚོང་བཅས་བྱ་རྒྱུ་གཙོ་གཉེར་བྱེད་ཕྱོགས་སུ་བྱེད་པའི་མཐོ་གསར་ལག་རྩལ་གྱི་ཐོན་ལས་ཅན་གྱི་ཀུང་སི་ཞིག་ཡིན་ཞིང་། ལོ་བདུན་འཕེལ་རྒྱས་ཕྱིན་པ་བརྒྱུད་བོད་ཀྱི་འོད་ཤུགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྣེ་འདྲེན་ཁེ་ལས་ཤིག་ཏུ་གྱུར་པ་རེད། ཀུང་སི་དེར་འོད་གློག་དང་། འོད་ཀྱི་ཚ་ནུས། འོད་དྲོ། རླུང་གློག་བཅས་དང་བཟོ་སྐྲུན་གྱི་ནུས་རྒྱུ་གྲོན་ཆུང་གཞི་གཅིག་ཅན་གྱི་ལག་རྩལ་འཛུགས་སྐྲུན་བྱེད་པའི་འགྲེམས་སྟོན་ཁང་ནང་ཁྲེན་ཆོན་གོས་ལས་དོན་པའི་ངོ་སྤྲོད་ནན་ཏན་ངང་གསན་གནང་བ་རེད། བོད་ཀྱི་ས་མཐོའི་ཁུལ་ལ་ཆེད་མངགས་ཇུས་འགོད་བྱས་པའི་ཁྱིམ་སྤྱོད་རང་ཚུགས་འོད་ཤུགས་གློག་འདོན་མ་ལག་གི་མདུན་དུ་ཕེབས་སྐབས་ཁྲེན་ཆོན་གོས་མ་ལག་གི་གྲུབ་ཆ་དང་། ཐོན་རྫས་ཀྱི་རིན་གོང་། ཁྱབ་གདལ་དང་ཉེར་སྤྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཉི་འོད་ནུས་པའི་ཐོན་རྫས་སྤྱོད་ཚད་རྒྱ་ཆེར་གཏོང་རྒྱུ་དེ་མི་རིགས་ཁག་གི་མང་ཚོགས་ལ་སྟབས་བདེ་ཡོང་བ་དང་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་ཁར་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པ་དང་ཁོར་ཡུག་སྲུང་སྐྱོང་ཐུབ་རྒྱུ་ཡང་ཡིན་པས་རྒྱལ་དམངས་གཉིས་ཕན་གྱི་བྱ་བ་བཟང་པོ་ཞིག་ཡིན་པར་བརྟེན་ས་གནས་ཁག་གི་དོན་དངོས་དང་ཟུང་འབྲེལ་དང་རོགས་སྐྱོར་སྲིད་ཇུས་ཞིབ་འཇུག་བྱས་ཏེ་སྤྱོད་རྒྱུ་ཁྱབ་གདལ་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།

        ཁྲེན་ཆོན་གོས་བོད་ལ་ཐུན་མོང་མ་ཡིན་པའི་ཉི་འོད་ནུས་པའི་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་ཡོད་པས་རྒྱལ་ཁབ་ཀྱི་ནུས་རྒྱུ་གསར་པའི་ཐོན་ལས་གོང་འཕེལ་གཏོང་བའི་ཐོབ་པར་དཀའ་བའི་གོ་སྐབས་དམ་བཟུང་གིས་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་བྱེད་པ་དང་། ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་གཏོང་བ། ཐོན་ལས་ཀྱི་ཚོགས་པ་སྟོབས་ཆེར་གཏོང་བ་བཅས་བྱས་ཐོག་དཔལ་འབྱོར་འཕར་གཞི་གསར་པ་ཞིག་ཆགས་པ་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

        ཁྲེན་ཆོན་གོས་དུས་ཚིགས་བཞི་པ་ནི་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་བྱེད་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་བསུ་བ་ཞུ་བ་དང་ལག་བསྟར་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་རིག་དང་མཐུན་པའི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དུས་བབ་ཀྱི་བརྡ་ཁྱབ་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱེད་པ་དང་། དམིགས་ཚད་དམ་བཟུང་དང་བྱ་ཐབས་ཤུགས་ཆེན་སྤེལ་བ། ཐབས་བརྒྱ་ཇུས་སྟོང་གིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕར་རྒྱུ་འགན་ལེན་བྱེད་པ་བཅས་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་ཡོང་རྒྱུ་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

        དེ་རྗེས་ཁྲེན་ཆོན་གོ་དང་བཅས་པས་བདེ་ཆེན་གྲོང་ཚོར་ཕེབས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིར་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་ཞིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་གཞུང་ལས་ཁང་དུ་ཁྲེན་ཆོན་གོས་རུ་མི་ཚོ་དང་མཛའ་བརྩེའི་གླེང་མོལ་གནང་ནས་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཚང་མའི་ལས་ཀ་དང་འཚོ་བའི་ཐད་དཀའ་ངལ་གང་ཡོད་མེད་ཐུགས་ཁུར་ཆེན་པོས་བཀའ་འདྲི་གནང་བ་རེད། རུ་མི་ཚོས་ཁྲེན་ཆོན་གོ་ལ་ལས་ཀའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་ངང་ངོ་སྤྲོད་བྱས་པ་སྟེ། གྲོང་ཚོར་ཆུ་ཡུར་གཉིས་དང་འཕྲུལ་ཁྲོན་གཉིས་དྲུས་པ་དང་། བྱེ་རྡོའི་ལམ་ངོས་དང་དྲོད་ཁང་ཆེ་མོ་བསྐྲུན་པ། ཏང་ཡོན་17འཕེལ་རྒྱས་བཏང་བ་ལ་སོགས་ཡིན་པས་ཁྲེན་ཆོན་གོས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་ཀར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་རྒྱལ་སྟོན་དུས་ཆེན་དང་བརྒྱད་པའི་བཅོ་ལྔའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་དེར་ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁྱེད་ཚོ་དང་ཁྱེད་ཚོ་བརྒྱུད་དེ་ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཡོངས་དང་དེ་བཞིན་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚང་མས་རང་འགན་གཙང་སྒྲུབ་དང་ཡང་འབད་བསྐྱར་འབད་བྱས་ནས་ལས་འགན་ཁག་ལྔ་ལ་དམ་པོར་དམིགས་ཏེ་ལས་དོན་གཏིང་ཟབ་དང་ཞིབ་ཕྲ་སྤེལ་ནས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྒྲིལ་བཅས་བྱས་ཏེ་གཞི་རིམ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་ཏེ་དམངས་ཆེད་བྱ་བ་སྒྲུབ་པའི་བྱ་སྤྱོད་ངོ་མའི་ཐོག་ནས་མི་དམངས་མང་ཚོགས་ཁྲོད་ཏང་གི་གཟུགས་བཪྙན་བཟང་པོ་གཏོད་ཐོག་མི་རིགས་ཁག་གི་མང་ཚོགས་ཀྱི་ཏང་གི་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།

        གསང་སྔགས་དགོན་ནི་ལོ་ངོ་600ཡི་ལོ་རྒྱུས་ལྡན་པའི་དགེ་ལུགས་པའི་དགོན་སྡེ་ཞིག་ཡིན། ཁྲེན་ཆོན་གོས་དེ་གར་ཕེབས་ནས་དགོན་སྡེར་བཅའ་སྡོད་ལས་བྱེད་པར་འཚམས་འདྲི་གནང་བ་དང་དགོན་སྡེའི་དགེ་འདུན་པ་ཚོར་གཟིགས་པ་རེད། ཁྲེན་ཆོན་གོས་དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པ་ཚོར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཚང་མས་ཏང་དང་སྲིད་གཞུང་གི་མངགས་བཅོལ་བློ་ལ་བརྟན་པོ་བཅངས་ནས་དགོན་སྡེར་སེམས་གནས་པ་དང་ལས་དོན་ཏན་ཏིག་སྒྲུབ་པ་དང་། “གཅིག་དྲུག ”གི་བྱེད་སྒོ་གཏིང་ཟབ་སྤེལ་བ། དགོན་སྡེར “ཡོད་པ་དགུའི ”འདུ་འགོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་གྱི་སེམས་ནང་ཚོར་ཐུབ་པ་བྱ་རྒྱུའི་ཐུགས་རེ་གནང་བ་རེད། གསང་སྔགས་དགོན་དུ་ཁྲེན་ཆོན་གོས་དགེ་འདུན་པ་བློ་བཟང་ཤེས་རབ་དང་གླེང་མོལ་གནང་ཞིང་དགོན་སྡེའི་དགེ་འདུན་པ་ཚོའི་འཚོ་བ་དང་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ཚུལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། གསང་སྔགས་དགོན་གྱི “9+5”ཡི་ལས་གྲྭ་ཚང་མ་ལས་མཇུག་འགྲིལ་བ་མཁྱེན་སྐབས་ཁྲེན་ཆོན་གོས་དགྱེས་ཚོར་ཆེན་པོས་དགོན་སྡེའི་ཟ་ཁང་དང་། ཆུ་མཁོ་འདོན་གྱི་ལས་གྲྭ འགྱིག་ཤོག་དྲོད་ཁང་བཅས་ལ་གཟིགས་སྐོར་གནང་བ་རེད། བློ་བཟང་ཤེས་རབ་ཀྱིས་ངོ་སྤྲོད་བྱེད་བཞིན་གྲྭ་བཙུན་ལ་གཅེས་སྐྱོང་བྱེད་པའི་ཏང་ཨུད་དང་སྲིད་གཞུང་གི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པར་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་རེད། ཁྲེན་ཆོན་གོས་སྐུལ་ལྕག་དང་བཅས་ཁོང་ལ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཚང་མ་ནི་ང་ཚོའི་སྤྱི་དམངས་ཡག་པོ་དང་གྲོགས་པོ་ཡག་པོ་རེད། རེ་བར་ཁྱེད་ཚོས་བླ་མ་སྐྱེས་ཆེན་རིམ་བྱོན་གྱི “རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། དགེ་སྒྲུབ་སྡིག་སྤོང་། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན ”བཅས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་དང་། ནང་རིག་པ་དང་བློ་སྦྱོང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཞི་མཐུན་དཔེ་བཟང་གི་དགོན་སྡེ་ཧུར་ཐག་གཏོད་པ། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།

        བདེ་ཆེན་གྲོང་ཚོའི་གྲོང་མི་སྐྲ་བཟང་གི་བོད་བཟོའི་མགྲོན་བསུ་ཁང་ནང་ཁྲེན་ཆོན་གོས་སྐྲ་བཟང་བཟའ་ཚོ་གཉིས་དང་ཁྱིམ་གྱི་གནས་ཚུལ་གླེང་ཞིང་། “ཁྱིམ་ལ་ནང་མི་ག་ཚོད་ཡོད། འཚོ་བ་གང་འདྲ་ཡོད། སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་པའི་ནང་ཞུགས་ཡོད་དམ ” ཞེས་དྲི་སྐབས་སྐྲ་བཟང་གིས “ཁྱིམ་ལ་མི་ལྔ་ཡོད། ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཟིན་པས་འཚོ་བ་སྐྱིད་པོ་འདུག དེ་གོང་སྲིད་གཞུང་གིས་སྨན་རིན་མི་དགོས་པར་ང་ཚོའི་གཟུགས་པོར་བརྟག་དཔྱད་གནང་བྱུང་བས་དེ་དག་ནི་སྤྱི་ཚོགས་ཪྙིང་པར་བསམས་ཀྱང་བསམས་མི་ཕོད་པའི་བྱ་བ་ཞིག་ཡིན། ང་ཚོས་སྙིང་དབུས་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན ”ཞེས་བཤད་པ་རེད། སྐྲ་བཟང་གིས་ད་དུང་སྤོབས་པ་ཆེན་པོས་ཁྲེན་ཆོན་གོ་ཡི་ཕྱག་ནས་བཟུང་སྟེ་རང་ཉིད་ཀྱི་འབྲུ་ཁང་དུ་ལྟ་སྐོར་བྱེད་པར་འཁྲིད་པ་དང་ཁོ་མོས་སེམས་འགུལ་ཐེབས་བཞིན་དུ་ཁྲེན་ཆོན་གོ་ལ་རང་ཉིད་ཁྱིམ་གྱི་འབྲུ་རིགས་ལོ་གསུམ་བཞི་སྤྱད་ཀྱང་སྤྱོད་མི་ཚར་བའི་སྐོར་ཞུས་པ་རེད། ཁྲེན་ཆོན་གོས “ཁྱེད་ཚོའི་འཚོ་བ་བདེ་སྐྱིད་ལྡན་པ་མཐོང་སྐབས་ང་བློ་བདེ་པོ་བྱུང་། རྒྱལ་སྟོན་དུས་ཆེན་དང་བརྒྱད་པའི་བཅོ་ལྔའི་དུས་ཆེན་སླེབས་ཉེར་ཡོད་པའི་སྐབས་སུ་ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཁྱེད་ཚོར་བལྟ་བར་ཡོང་བ་ཡིན། ཁྱེད་ཚོའི་ཁྱིམ་ཚང་བདེ་སྐྱིད་དང་། བྱ་བ་ལམ་ལྷོངས། བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན ”ཞེས་གསུངས་པ་རེད།

        ཁྲེན་ཆོན་གོས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེ་ནི་བོད་ཀྱི་གནད་དོན་ཡོད་དོ་ཅོག་ཐག་གཅོད་བྱེད་པའི་འགག་རྩ་ཡིན། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་དང་ཆབས་ཅིག་ཀྲུང་དབྱང་གིས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ་དང་འབྲེལ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་སྲོལ་ལམ་ཐོག་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།