དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་ཐེངས་བཅུ་གཉིས་པ་དང་བཞུགས་མོལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་ཐེངས་བཅུ་གཉིས་པ་བོད་དུ་ཡོང་ནས་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་གནས་ཚུལ་ཐད་ཞིབ་བཤེར་བྱས་པ་རེད། ཚེས་15ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་ཐེངས་བཅུ་གཉིས་པ་དང་བཞུགས་མོལ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་ཞིབ་བཤེར་བསམ་འཆར་བརྗེ་རེས་བྱས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་ཐེངས་བཅུ་གཉིས་པའི་ཙུའུ་ཀྲང་དང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་ཀྲང་མིང་ཆི་རྣམ་གཉིས་ཀྱིས་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་རིང་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་གིས་གཙོ་སྐྱོང་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཀྲང་མིང་ཆིས་ཙུའུ་ཀྲང་གནང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་ཐེངས་བཅུ་གཉིས་པས་བོད་དུ་ལས་དོན་ཐད་ཞིབ་བཤེར་མཛུབ་ཁྲིད་གནང་རྒྱུར་དགའ་བསུ་ཞུས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་དང་དེ་བཞིན་རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་སྤྱི་ཁྱབ་ཅུས་ཀྱིས་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་དུས་ཡུན་རིང་པོར་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

        པད་མ་འཕྲིན་ལས་ཀྱིས་རང་ལྗོངས་ཀྱི་དེང་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་དང་ལས་དོན་གྱི་གནས་ཚུལ་ཐད་ཕྱོགས་སྡོམ་གནང་རྗེས་སླད་ཕྱིན་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་གཅིག་ནས་བཅོས་སྒྲིག་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་གང་ལེགས་བྱ་དགོས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་བདེ་འཇགས་ལྟ་སྐུལ་སྡེ་ཚན་གྱིས་ད་རེས་ཀྱི་ལྟ་སྐུལ་ཞིབ་བཤེར་དེ་གོ་སྐབས་ཡག་པོར་བརྩིས་ཏེ་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་དང་མཐུན་སྦྱོར་གྱིས་འགན་འཁྲི་འདོན་སྤེལ་གང་ལེགས་བྱས་ཏེ་བཅོས་སྒྲིག་གི་འགན་འཁྲི་གསལ་པོར་བཟོ་བ་དང་། རིམ་པ་བཞིན་དམ་འཛིན་བྱེད་པ་དང་རིམ་པ་བཞིན་སྐུལ་མ་གཏོང་བའི་ལས་དོན་གྱི་རྣམ་པ་ཡག་པོ་སྒྲུབ་ནས་བཅོས་སྒྲིག་བྱེད་ཐབས་དོན་འཁྱོལ་བྱེད་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ཏན་ཏིག་ངང་ཡག་པོ་སྒྲུབ་ཐོག་བཅོས་སྒྲིག་བྱེད་ཐབས་ཁག་གནད་སར་དོན་འཁྱོལ་བྱ་རྒྱུར་འགན་ལེན་བྱ་དགོས།

        གཉིས་ནས་གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཤུགས་ཆེན་བྱ་དགོས་ཤིང་། “ཁྲིམས་འགལ་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི ”ཆེད་དོན་བྱ་སྤྱོད་ཀྱི་གྲུབ་འབྲས་ལ་ཕྱོགས་སྡོམ་ཏན་ཏིག་དང་། སྲ་བརྟན་དུ་གཏོང་བ། ཆེས་ཆེར་གཏོང་བ་བཅས་བྱས་ཐོག་དེང་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ཐད་ཡང་དག་པར་དབྱེ་ཞིབ་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བའི་བགྲོད་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ཉིན་བརྒྱའི་རིང་གི་བཅོས་སྒྲིག་བྱ་སྤྱོད་ཆེན་པོ་གཏིང་ཟབ་སྤེལ་བ་དང་། ལས་འགན་ལག་བསྟར་ནན་པོ་དང་བགྲོད་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་བཏང་ཐོག་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དུས་བབ་ཀྱི་སྤྱིའི་བརྟན་ལྷིང་འགན་ལེན་བྱ་དགོས་། གསུམ་ནས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་དམ་འཛིན་གང་ལེགས་བྱ་དགོས་ཤིང་། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་སྐུལ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་དང་འགན་ལེན་ནུས་པ་བརྟན་པོའི་ངང་ཆེ་རུ་གཏོང་བ་། ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དམིགས་ཚད་ཀྱི་ལས་འགན་ཧུར་ཐག་ངང་མངོན་འགྱུར་བྱེད་པ། བོད་ཀྱི་བདེ་འཇགས་ལྟ་སྐུལ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བདེ་འཇགས་དང་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུའི་བླང་བྱ་བཏོན་པ་རེད།

        ཀྲང་མིང་ཆིས་རང་ལྗོངས་སུ་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཞིབ་བཤེར་བྱས་པའི་གནས་ཚུལ་ཁག་གི་ལན་ཆ་གནང་བ་མ་ཟད་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་བོད་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང “ཁྲིམས་འགལ་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི ”ལས་དོན་གྱི་ཪྙོག་འཛིང་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལ་སྒོ་ཀུན་ནས་ངོས་འཛིན་བྱས་ཏེ “ཁྲིམས་འགལ་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི ”ལས་དོན་གཏིང་ཟབ་སྤེལ་བར་སྐུལ་འདེད་མུ་མཐུད་གཏོང་དགོས་པ་དང་། ཆེད་དོན་བྱ་སྤྱོད་ཁྲོད་མཐོང་བའི་གནད་དོན་དང་མི་མངོན་པའི་རྐྱེན་ངན་ལ་བཅོས་སྒྲིག་དོན་འཁྱོལ་ནན་ཏན་གྱིས “དོན་འཁྱོལ་ལྔ ”ཡག་པོ་བསྒྲུབ་རྒྱུར་སྐུལ་མ་གཏོང་བ་། བགྲོད་ལམ་འགྲིམ་འགྲུལ་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཆེད་དོན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བདེ་འཇགས་ལྟ་སྐུལ་དོ་དམ་ནུས་པའི་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་བ། དེང་སྐབས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུའི་ཐུགས་རེ་གནང་བ་རེད།

        ཚེས་13ནས་15ཉིན་བར་ཀྲང་མིང་ཆིས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་ཐེངས་བཅུ་གཉིས་པའི་སྣེ་འཁྲིད་ནས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་རིང་གི་ཕེབས་རོགས་འོག་ཧྭ་ཐའེ་ལུང་གཏེར་ལས་ཀུང་སི་དང་ཀྲུང་གོ་རྡོ་སྣུམ་ཀུན་བདེ་གླིང་སྣུམ་བླུག་ས་ཚིགས་སུ་བསྐྱོད་ནས་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་དང “ཁྲིམས་འགལ་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི ”ཆེད་དོན་བྱ་སྤྱོད་ཀྱི་འཕེལ་རིམ་གནས་ཚུལ་ཐད་ཞིབ་བཤེར་གནང་བ་མ་ཟད། རང་སྐྱོང་ལྗོངས་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་གནས་ཚུལ་ཐད་ཀྱི་སྙན་སེང་ལ་གསན་པ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ཁག་གི་འགན་འཁུར་བ་ཚོགས་འདུར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།