དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་གྱི་གཅིག་སྡུད་དྲོད་རླངས་མཁོ་འདོན་ལས་གྲྭར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་14ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་གྱི་འདམ་ར་ལམ་དང་། གྲོང་མིའི་ཁུལ་ཆུང་ཁག རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཐིང་གི་གཞུང་དོན་ཐོག་བརྩེགས་ཁང་ཆེན་གསར་པ་བཅས་སུ་ཕེབས་ཏེ་ལྷ་ས་གྲོང་ཁྱེར་གྱི་གཅིག་སྡུད་དྲོད་རླངས་མཁོ་འདོན་ལས་གྲྭའི་འཕེལ་རིམ་གནས་ཚུལ་སྐོར་བརྟག་ཞིབ་གནང་བ་རེད། ཁོང་གིས་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས་པ་དང་སྐུལ་འདེད་མགྱོགས་སུ་བཏང་ནས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་ཕན་པ་ཡང་ཡོད་པའི་དགུན་དུས་དྲོད་རླངས་མཁོ་འདོན་ལས་གྲྭ་ཆེན་པོ་དེ་དམ་འཛིན་ནན་པོ་དང་དམ་འཛིན་ཡག་པོ་བྱས་ཐོག་དུས་བཀག་ལྟར་དགུན་དུས་དྲོད་རླངས་མཁོ་འདོན་བྱེད་པའི་དམིགས་ཚད་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

        མདོང་ལམ་འཛུགས་སྐྲུན་ལས་ཡུལ་དང་གྲོང་མིའི་ཁུལ་ཆུང་དུ་ཝུའུ་དབྱིང་ཅེས་མདོང་ལམ་འཛུགས་སྐྲུན་དང་། དྲོད་རླངས་མཁོ་འདོན་ཁྱབ་ཁོངས། དྲོད་རླངས་མཁོ་འདོན་གྱི་མཐའ་སྣེ་སྒྲིག་སྦྱོར་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།

        རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཐིང་གི་གཞུང་དོན་ཐོག་བརྩེགས་ཁང་ཆེན་གསར་པ་ནི་གཞན་དབང་རྣམ་པའི་ཉི་འོད་ནུས་པའི་སྐྲུན་དངོས་ཤིག་ཡིན་པ་དེའི་རྩ་བའི་རིག་པ་ནི་སྐྲུན་དངོས་ཀྱི་ཁ་ཕྱོགས་དང་མཐའ་འཁོར་ཁོར་ཡུག་ལུགས་མཐུན་ངང་བཀོད་སྒྲིག་བྱས་པ་བརྒྱུད་ནང་ཁུལ་གྱི་སྟོང་ཆ་དང་ཕྱི་རོལ་གྱི་བཟོ་དབྱིབས་ཐག་གཅོད་ཡག་པོ་བྱས་པ་དང་དེ་བཞིན་སྐྲུན་དངོས་ཀྱི་རྒྱུ་ཆ་དང་གྲུབ་ཆ་གྲུབ་ཚུལ་གདམ་ག་འཚམ་པོ་བྱས་པས་སྐྲུན་དངོས་ཀྱིས་དགུན་དུས་ཉི་འོད་འགྱེད་འཕྲོའི་དྲོད་ཚད་བསྡུ་བ་དང་། གསོག་པ། བགོ་བ་བཅས་བྱེད་ཐུབ། ཝུའུ་དབྱིང་ཅེས་གྲོན་ཆུང་དང་། ཁོར་ཡུག་སྲུང་སྐྱོང་། དངོས་སྤྱོད་བཅས་ཀྱི་དྲོད་ལེན་སྟངས་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་བོད་དུ་ཉི་འོད་ནུས་པའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་ཉི་འོད་ནུས་པ་སྤྱད་ནས་དྲོད་ལེན་པའི་ཆ་རྐྱེན་ཡག་ཤོས་ཀྱི་ས་ཁུལ་ཞིག་རེད། སྡེ་ཚན་ཁག་དང་ས་ཁུལ (གྲོང་ཁྱེར )ཁག་གིས་དཔྱད་གཞིར་འཛིན་པ་དང་བེད་སྤྱོད་བྱས་ཏེ་གཞན་དབང་རྣམ་པའི་ཉི་འོད་ནུས་པའི་དྲོད་ལེན་ལས་གྲྭ་རྒྱ་ཁྱབ་ངང་ཁྱབ་གདལ་བེད་སྤྱོད་བྱས་ནས་ཉི་འོད་ནུས་པའི་དྲོད་ལེན་དེ་ཡུན་རིང་དང་ཕན་འབྲས་ཆེ་བའི་སྒོ་ནས་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད། བརྟག་ཞིབ་གནང་སྐབས་ཝུའུ་དབྱིང་ཅེས་ད་དུང་ལྷ་ས་གྲོང་ཁྱེར་སྐོར་ལམ་བྱང་མའི་གྲོང་ཁྱེར་འཛུགས་སྐྲུན་ལས་གྲྭའི་དུས་འགོའི་ལས་ཀའི་འཕེལ་རིམ་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་སྡེ་ཚན་ཁག་ལ་དུས་འགོའི་ལས་དོན་ཡག་པོ་བསྒྲུབ་པ་དང་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་འཆར་འགོད་བྱས་ཏེ་འགྲོ་ལམ་དེ་བསྐྲུན་རྗེས་ཤར་ནུབ་སྒྲོལ་བའི་འཁོར་རིགས་ཀྱི་འགྲོ་ལམ་གཙོ་བོར་འགྱུར་བ་བྱེད་པ་དང་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

        རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཐིང་དང་། འགྲིམ་འགྲུལ་ཐིང་། ཁོར་ཡུག་སྲུང་སྐྱོང་ཐིང་། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཀྱིས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།