དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཞུན་ཆིའུ་ཡིས་བོད་ལྗོངས་སུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9 ཚེས་13ཉིན་གྱི་སྔ་དྲོ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་ཀྲུང་དབྱང་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་ཁྲེན་ཞུན་ཆིའུ་ཡིས་སྤྱི་ཚོགས་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་དེ་ལེགས་སུ་གཏོང་བའི་ཐད་རང་ལྗོངས་སུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞའོ་ཀང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲང་ཕེ་ཀྲུང་དང་། སུང་ཅིང་ཡོན། ཀའོ་དབན་ཧའེ། ཁྱུང་སྲས། ཝང་རུའེ་ལེན་བཅས་ཀྱིས་ལྷན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་རེད།

        གཙུག་ལག་ཁང་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཁྲེན་ཞུན་ཆིའུ་ཡིས་ལས་འགན་སྒྲུབ་བཞིན་པའི་ལས་བྱེད་ཉེན་རྟོག་པར་བྱམས་བརྩེའི་ངང་གཟིགས་ནས་འཚམས་འདྲི་གནང་བ་དང་འབྲེལ་ཉེན་དོན་ས་ཚིགས་འཛུགས་སྐྱོང་དང་འཁོར་རྒྱུག་བྱས་ཚུལ་གྱི་སྙན་ཞུ་གསན་པ་རེད། ཁྲེན་ཞུན་ཆིའུ་ཡིས་རང་ལྗོངས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སོགས་འཛུགས་སྐྱོང་བྱེད་པའི་ཐད་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དུས་བབ་གསར་པའི་འོག་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དེས་འཐབ་ཕྱོགས་དང་པོའི་ཉེན་རྟོག་སྟོབས་ཤུགས་ཆེ་རུ་བཏང་བ་དང་། རྒྱ་ཆེའི་མང་ཚོགས་ལ་ལས་དོན་བསྒྲུབ་རྒྱུར་སྟབས་བདེ་བསྐྲུན་ཐོག་གཞི་རིམ་གྱི་སྤྱི་ཚོགས་དོ་དམ་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་བསྟན་གནང་བ་རེད། དེ་རྗེས་ཁྲེན་ཞུན་ཆིའུ་རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་དང་པོའི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཕེབས་ནས་འཐབ་ཕྱོགས་དང་པོར་བྲེལ་འཚུབ་ངང་ལས་དོན་སྒྲུབ་བཞིན་པའི་ཏང་ཡོན་ལས་བྱེད་པ་དང་ལས་དོན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་ཚུལ་གྱི་སྙན་ཞུ་ནན་ཏན་ངང་གསན་པ་དང་འབྲེལ་བཪྙན་ལམ་མ་ལག་བརྒྱུད་འཐབ་ཕྱོགས་དང་པོར་བརྟན་སྲུང་བྱེད་བཞིན་པའི་བློ་མཐུན་ཚོར་བྱམས་བརྩེའི་འཚམས་འདྲི་གནང་བ་མ་ཟད། བླ་ན་མེད་པའི་གུས་འདུད་ཀྱང་ཞུས་ཤིང་། ཁོང་གིས་ཏང་ཡོན་ལས་བྱེད་པ་དང་ལས་དོན་མི་སྣ་ཚང་མས་གྲུབ་འབྲས་དར་སྤེལ་དང་ཡང་འབད་བསྐྱར་འབད་ཀྱིས་སྤྱི་ཚོགས་དོ་དམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་དང་པོའི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཁྲེན་ཞུན་ཆིའུ་ཡིས་ད་དུང་བཪྙན་ལམ་མ་ལག་བརྒྱུད་ནག་ཆུ་ས་ཁུལ་གྱི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དེ་ལེགས་སུ་གཏོང་བ། ལྷག་པར་དུ་དགོན་སྡེ་དོ་དམ་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་དེ་ལེགས་སུ་གཏོང་བའི་ཐད་ཀྱི་ནག་ཆུ་ས་ཁུལ་གྱི་འཐབ་ཕྱོགས་དང་པོའི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་འགན་ཁུར་བློ་མཐུན་གྱི་སྙན་ཞུ་གསན་ཞིང་། ཁོང་གིས་བོད་རང་སྐྱོང་ལྗོངས་ཀྱིས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་དེ་ལེགས་སུ་གཏོང་རྒྱུ་དེ་སྤྱི་ཚོགས་དོ་དམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི་ནང་དོན་གལ་ཆེན་ལ་བརྩིས་ནས་ཚན་རིག་དང་མཐུན་པ་དང་། དམངས་གཙོ། ཁྲིམས་ལྟར་བཅས་ཀྱི་དོ་དམ་མཐའ་འཁྱོངས་བྱས་པར་ཕན་འབྲས་ཧ་ཅང་བཟང་པོ་ཐོན་ཡོད་པས་ཉམས་མྱོང་དེ་དག་ཕྱོགས་སྡོམ་བྱེད་པ་དང་། དཔྱད་གཞིར་འཛིན་པ། ཁྱབ་གདལ་གཏོང་བ་བཅས་བྱེད་རིན་ཡོད་པ་ཞིག་རེད་ཅེས་བསྟན་གནང་བ་རེད།

        སྤྱི་ཚོགས་ཞབས་ཞུའི་དོ་དམ་ནི་ཁྲེན་ཞུན་ཆིའུ་ཡིས་ད་ཐེངས་རྟོག་ཞིབ་དང་བརྟག་ཞིབ་གནང་རྒྱུའི་གཙོ་གནད་ཀྱི་གྲས་ཤིག་རེད། ཁོང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་གཞུང་དོན་ཁྲུའི་གཤོངས་དགའ་སྡེ་ཁུལ་དུ་ཕེབས་ཏེ་ཕྱོགས་གཅིག་ནས་སྤྱི་ཚོགས་དྲ་མིག་ཅན་གྱི་དོ་དམ་ཞབས་ཞུའི་ལྟེ་གནས་དང་སྡེ་ཁུལ་ཉེན་དོན་ཁང་སོགས་ལ་ལྟ་སྐོར་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་འབྲེལ་ཡོད་འགན་ཁུར་བའི་ལས་དོན་སྙན་ཞུ་གསན་ཐོག་རང་ལྗོངས་ཀྱི་གཞི་རིམ་སྤྱི་ཚོགས་དྲ་མིག་ཅན་གྱི་དོ་དམ་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། གཤོངས་དགའ་སྡེ་ཁུལ་གྱི་དྲ་མིག་ཅན་གྱི་དོ་དམ་ཐད “ཆ་ཚང་རང་བཞིན་དང་། སྟབས་བདེའི་རང་བཞིན། དོ་སྙོམས་རང་བཞིན། ཧེ་བག་རང་བཞིན ”སོགས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ནས་སྡེ་ཁུལ་གྱི “མི་དང་། ས་ཆ། དངོས་པོ། བྱ་བ། རྩ་འཛུགས ”སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་ཕྱོགས་བསྡུས་ཐོག་བསམ་གཞིག་བྱས་ཏེ་སྡེ་ཁུལ་ཧྲིལ་པོ་དྲ་མིག་5རུ་ཕྱེ་བ་དང་དྲ་མིག་རེར་འགོ་ཁྲིད་རེ་དང་ལས་དོན་མི་སྣ་ཁ་ཤས་བཀོད་སྒྲིག་བྱས་པས་སྡེ་ཁུལ་གྱི་དོ་དམ་ཁྱོན་ཡོངས་ནས་ཁྱབ་པ་དང་སྲུབས་ཀ་མ་ལུས་པ་བྱུང་བ་རེད། ཁྲེན་ཞུན་ཆིའུ་ཡིས་རང་ལྗོངས་ཀྱིས་སྡེ་ཁུལ་གྱི་དོ་དམ་ཞབས་ཞུར་ཤུགས་སྣོན་རྒྱག་པའི་བྱེད་ཐབས་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད།

        བརྟག་ཞིབ་གནང་རིང་ཁྲེན་ཞུན་ཆིའུ་ཡིས་སྤྱི་ཚོགས་དོ་དམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བའི་ཐད་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་སྤྱི་ཚོགས་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་དེ་ལེགས་སུ་་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་ནས་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། དེང་སྐབས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་དེ་ལེགས་སུ་གཏོང་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྗིད་རྫོབས་ཆེན་པོ་ཡོད་པས་རིམ་ཁག་ཕྱོགས་བསྡུས་བཅོས་སྐྱོང་རྩ་འཛུགས་ཀྱིས་ངེས་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི་ཚོགས་འདུའི་དགོངས་དོན་སྔར་བས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། འགན་འཁྲི་ཏན་ཏིག་སྒྲུབ་པ། སྤྱི་ཚོགས་དོ་དམ་ཚན་རིག་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཐོག་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་སྲུང་སྐྱོང་ཧུར་ཐག་བྱེད་དགོས། དམངས་འཚོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། དམངས་འཚོའི་བརྟན་ལྷིང་གཅིག་གྱུར་འཆར་འགོད་བྱེད་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལམ་ལུགས་བཀོད་སྒྲིག་ཁག་འཐུས་ཚང་དང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འབྲས་བུ་མཉམ་མྱོང་བྱེད་དུ་འཇུག་དགོས། ཞབས་ཞུ་སྔོན་ལ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཞབས་ཞུའི་དོ་དམ་གྱི་ཕྱོགས་བསྡུས་སྟེགས་བུ་བསྐྲུན་པ་དང་འཐུས་ཚང་དུ་བཏང་ནས་ངོ་འཕྲད་གདོང་ཐུག་ངང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་མང་ཙམ་བསྒྲུབས་ཐོག་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་རྩ་འཛུགས་དང་ཏང་ཡོན་རང་ཉིད་ཀྱི་གམ་དུ་ཡོད་པ་དང་དུས་དང་རྣམ་པ་ཀུན་ཏུ་ཏང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས། གཞི་རིམ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྲིག་འཛུགས་དང་། མཐུན་སྦྱོར། ལྟ་སྐུལ་སློབ་སྟོན་སོགས་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད་གཞི་རིམ་ཏང་རྩ་འཛུགས་འཐུས་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་སྟོབས་ཆེར་ཏན་ཏིག་བཏང་ཐོག་སྤྱི་ཚོགས་དོ་དམ་གྱི་གཞི་རིམ་རྨང་གཞིའི་ལས་དོན་སྔར་བས་བརྟན་དུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།