དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཝུའུ་དབྱིང་ཅེས་སློབ་ཆེན་ཐོན་པའི་སློབ་མའི་ཡོངས་བསྒྲགས་རྒྱུགས་བསྡུ་ཁག་གཉིས་པའི་ཡིག་རྒྱུགས་ལས་དོན་ལ་གཟིགས་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་13ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་རང་ལྗོངས་ཀྱི་2012ལོའི་སློབ་ཆེན་ཐོན་པའི་སློབ་མའི་ཡོངས་བསྒྲགས་རྒྱུགས་བསྡུ་ཁག་གཉིས་པའི་ཡིག་རྒྱུགས་ལས་དོན་ལ་གཟིགས་ཞིབ་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་རྒྱུགས་བཅོས་ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་ཡང་གནང་ཞིང་། ཁོང་གིས་རྒྱུགས་བསྡུའི་ལས་དོན་གྱི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་དང་ལས་དོན་ཁག་སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཞིབ་ཕྲ་བྱས་ནས་ད་ཐེངས་ཀྱི་རྒྱུགས་བསྡུའི་ལས་འགན་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་སྒྲུབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        གཟིགས་ཞིབ་གནང་སྐབས་ཝུའུ་དབྱིང་ཅེས་དང་ཐོག་རྒྱུགས་ཡིག་དཔྱད་བསྡུར་ས་ཚིགས་ཀྱི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པའི་ད་ཐེངས་ཀྱི་རྒྱུགས་བཅོས་ལས་དོན་གྱི་བཀོད་སྒྲིག་དང་འབྲེལ་ཡོད་སྐར་གྲངས་དཔྱད་བསྡུར་གྱི་ཞིབ་སྲོལ་གསན་པ་དང་འབྲེལ་རྒྱུགས་བཅོས་མི་སྣའི་ས་ནས་རྒྱུགས་བཅོས་ཀྱི་གནས་ཚུལ་དང་རྒྱུགས་བཅོས་མྱུར་ཚད་སོགས་ཀྱི་གནས་ཚུལ་ཡང་ཤེས་རྟོགས་ཞིབ་ཕྲ་གནང་སྟེ་རྒྱུགས་བཅོས་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་རེད།

        ཝུའུ་དབྱིང་ཅེས་ཡིག་རྒྱུགས་ལས་དོན་དེ་རྒྱུགས་སྤྲོད་སློབ་མའི་མདུན་ལམ་དང་འབྲེལ་བ་ཡོད་ལ་རྒྱུགས་བསྡུའི་སྤུས་ཚད་དང་ཡང་འབྲེལ་བ་ཡོད། རྒྱུགས་བཅོས་ལས་དོན་དེ་ངེས་པར་དུ་འཕྱུགས་པ་མེད་པ་བྱེད་དགོས་ཤིང་། རྒྱུགས་བཅོས་མི་སྣ་དང་ལས་དོན་མི་སྣ་ཡོངས་ཀྱིས་ཚད་མཐོའི་འགན་འཁྲིའི་བསམ་པའི་ཐོག་ནས་རྒྱུགས་ཡིག་དཔྱད་བསྡུར་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། དྲང་གཞག་དང་གཞུང་དྲང་གི་རྩ་དོན་མཐའ་འཁྱོངས་བྱེད་པ། སྐར་གྲངས་དཔྱད་བསྡུར་གྱི་ཚད་གཞི་དང་བསྐྱར་ཞིབ་དང་བསྐྱར་བཤེར་གྱི་བརྒྱུད་རིམ་ལག་བསྟར་ནན་པོ་བྱེད་པ། ལས་ཀའི་སྤྱོད་ཚུལ་ནན་པོ་དང་འགན་ནན་ཏན་འཁུར་བའི་ལས་ཀའི་རྣམ་འགྱུར་གྱི་ཐོག་ནས་ཡིག་རྒྱུགས་དཔྱད་བསྡུར་གྱི་ལས་དོན་ནང་ཞུགས་པ། རྒྱུགས་བཅོས་སྤུས་ཚད་འགན་ལེན་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་རྒྱུགས་བཅོས་གྲུབ་འབྲས་ཀྱི་ཐོག་ནས་རྒྱུགས་སྤྲོད་སློབ་མ་དང་སྤྱི་ཚོགས་བློ་ཡིད་ཚིམ་པ་ཞིག་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་གཞུང་ལས་པ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་རང་ལྗོངས་ཀྱི་2012ལོའི་སློབ་ཆེན་ཐོན་པའི་སློབ་མའི་ཡོངས་བསྒྲགས་རྒྱུགས་བསྡུ་ཁག་གཉིས་པའི་ནང་འཆར་གཞི་བྱས་ན་བྱ་གཞག་ཚན་པའི་ལས་དོན་མི་སྣ་དང་ཆེད་ལས་ལག་རྩལ་མི་སྣ་6500བསྡུ་རྒྱུ་ཡིན་ཞིང་། རང་སྐྱོང་ལྗོངས་རྒྱུགས་བསྡུའི་འགོ་འཁྲིད་ཚོགས་ཆུང་གིས་རྒྱུགས་སྤྲོད་སློབ་མའི་ཡིག་རྒྱུགས་སྦྱངས་འབྲས་གཞིར་བཟུང་སྐར་གྲངས་མཐོ་བ་ནས་དམའ་བའི་བར་གོ་རིམ་བསྒྲིགས་ཏེ་རྩ་དོན་ཐོག་རྒྱུགས་བསྡུའི་ལས་གནས་དང་རྒྱུགས་བསྡུའི་ཆེད་ལས་ལ་གཞིཌ་ནས་1∶1གི་བསྡུར་ཚད་ལྟར་སྐར་གྲངས་ཀྱི་ཚད་གཞི་གཏན་འཁེལ་བྱ་རྒྱུ་རེད། ལོ་ལྟར་གཞུང་ལས་པའི (ལས་དོན་མི་སྣ )རྒྱུགས་བསྡུའི་ཆེད་ལས་དེ་རང་སྐྱོང་ལྗོངས་ཀྱི་སྡེ་ཚན་ཁག་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་མི་སྤྱོད་དགོས་མཁོ་གཞིར་བཟུང་གཏན་འཁེལ་བྱེད་པར་བརྟེན་ལོ་ལྟར་གྱི་རྒྱུགས་བསྡུའི་ཆེད་ལས་ལ་འགྱུར་ལྡོག་ཡོང་སྲིད། མིག་སྔ་དང་ཕུགས་ནས་བལྟས་ན་རང་ལྗོངས་ཀྱི་རྒྱུགས་བསྡུའི་ལས་གནས་དེ་འབྲོག་ལས་དང་། ཞིང་ལས། གསོ་རིག ས་གཤིས་སོགས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཆེད་ལས་མཁོ་གི་ཡོད། རེ་བར་རྒྱ་ཆེའི་སློབ་མ་ཚོས་རང་བྱུང་ཚན་རིག་ཚན་ཁག་གི་ཆེད་ལས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཆེད་ལས་སློབ་སྦྱོང་དེ་དངོས་ཡོད་ཀྱི་དགོས་མཁོ་དང་དེ་བས་འཚམ་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།