ཟླ་9ཚེས་13ཉིན་གྱི་ཕྱི་དྲོར་ལྷ་སར་རང་སྐྱོང་ལྗོངས་ཀྱི “མི་རིགས་མཐུན་སྒྲིལ་ཟླ་བ ”ཐེངས་22པའི་མི་རིགས་ཁག་དང་ལས་རིགས་ཁག་གི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་མི་རིགས་མཐུན་སྒྲིལ་དང་མི་རིགས་ཡར་ཐོན་གྱི་ཐད་ལ་མྱོང་ཚོར་ལྷུག་གླེང་དང་འབྱུང་འགྱུར་གྱི་ཐད་ལ་གཏམ་གླེང་བྱས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་སློབ་གསོ་སྤེལ་བའི་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ས་དེ་ཡིན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ངེས་པར་དུ “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི ”གནས་ལུགས་ལ་སྔར་བས་ངོས་འཛིན་ཟབ་མོ་བྱས་ཏེ “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོར་འཛུགས་པ་དང་། “རྒྱལ་གཅེས་དང་། མཐུན་སྒྲིལ། ཞི་མཐུན། འཕེལ་རྒྱས། ཤེས་དཔལ ”བཅས་ཀྱིས་བརྗོད་དོན་གཙོ་བོ་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བྱེད་པ། རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྐྱོང་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲ་བརྟན་གཏོང་བ་བཅས་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་བློ་མཐུན་ལི་ཁྲང་ཁྲུན་གྱིས་བོད་དུ་རྟོག་ཞིབ་གནང་སྐབས་བཏོན་པའི “བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་གསལ་པོ་ཤོད་པ་དང་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་ནི་བོད་ཪྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མགོ་རྟིང་བསློགས་པའི་སྤྱི་ཚོགས་ཀྱི་འགྱུར་ལྡོག་རླབས་ཆེན་ཞིག་ཡིན་པ་གསལ་པོ་ཤོད་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསལ་པོ་ཤོད་པ ”བཅས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག་མི་རིགས་ཁག་གི་མང་ཚོགས་ལ་གུང་ཁྲན་ཏང་ཡག་དང་། སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག རླབས་ཆེན་མེས་རྒྱལ་ཡག མི་དམངས་དམག་དཔུང་ཡག མི་རིགས་ཁག་གི་མི་དམངས་ཡག་པ་བཅས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་རྒྱུར་སྣེ་ཁྲིད་ཀྱིས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱི་ས་ཁུལ་དང་སྡེ་ཚན་ཁག་ལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག “མི་རིགས་མཐུན་སྒྲིལ་ཟླ་བའི ”བྱེད་སྒོ་གཏིང་ཟབ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་མ་ཏན་ཏིག་གཏོང་བ་དང་། མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་དང་། མང་ཚོགས་ཀྱི་རྨང་གཞི། སྤྱི་ཚོགས་ཀྱི་རྨང་གཞི་བཅས་བརྟན་པོར་འདིང་བ། རང་ལྗོངས་ཀྱི་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་འབད་བརྩོན་གྱིས་འཛུགས་པ་དང་། སྲ་བརྟན། གོང་འཕེལ་བཅས་བཏང་ཐོག་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་དགའ་སྤྲོའི་ངང་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་འཐུས་མི་6གིས་སྤེལ་རེས་གཏམ་བཤད་བྱས་པ་རེད།