ཟླ་9 ཚེས་12ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་146པ་འཚོགས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སུམ་ཅུ་པའི་གྲོས་རིམ (འཆར་ཟིན )དང་དེ་བཞིན་ཉིན་རྒྱུན་གྱི་བཀོད་སྒྲིག་ཐད་ཞིབ་འཇུག་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་དང་། ཀྲའོ་ཀྲེང་ཤིའུ། ཤིང་རྩ་བསྟན་འཛིན་ཆོས་གྲགས་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ད་ཐེངས་ཀྱི་ཀྲུའུ་རེན་ཚོགས་འདུའི་ཐོག་ཞིབ་འཇུག་གཏན་འབེབས་བྱས་པར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སུམ་ཅུ་པ་ཟླ་བ་དགུ་པའི་ཟླ་མཇུག་ཏུ་ལྷ་སར་འཚོག་རྩིས་ཡོད་ཅིང་། ཚོགས་འདུའི་གྲོས་རིམ་གཙོ་བོར། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་དགོངས་དོན (ཡིག་ཐོག )བརྒྱུད་བསྒྲགས་སློབ་སྦྱོང་དང་། 《བོད་རང་སྐྱོང་ལྗོངས་ཀྱི <ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་བཅའ་ཁྲིམས >ལག་བསྟར་བྱ་ཐབས (བཟོ་བཅོས་འཆར་ཟིན་ལ་ཞུ་དག་བྱེད་ཐེངས་གཉིས་པ )》ལ་གྲོས་ཞིབ་བྱ་རྒྱུ། 《བོད་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་ཐོན་ཁུངས་སྲོལ་ཡིག (བཟོ་བཅོས་འཆར་ཟིན་ལ་ཞུ་དག་བྱེད་ཐེངས་གཉིས་པ )》ལ་གྲོས་ཞིབ་བྱ་རྒྱུ། བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་འཐུས་མི་བདམ་རྒྱུའི་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་བྱ་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས 》དང 《བོད་རང་སྐྱོང་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག 》ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་གསན་རྒྱུ་དང་དེར་གྲོས་ཞིབ་བྱ་རྒྱུ། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྣམ་གྲངས་226གི་འཕེལ་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་གསན་རྒྱུ་དང་དེར་གྲོས་ཞིབ་བྱ་རྒྱུ། བོད་རང་སྐྱོང་ལྗོངས་ཀྱི་2012ལོའི་ནོར་སྲིད་སྔོན་རྩིས་ཀྱི་ལེགས་སྒྲིག་ཇུས་གཞིའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་གསན་རྒྱུ་དང་དེར་གྲོས་ཞིབ་བྱ་རྒྱུ། རང་སྐྱོང་ལྗོངས་ཀྱི་2012ལོའི་ནོར་སྲིད་སྔོན་རྩིས་ཀྱི་ལེགས་སྒྲིག་ཇུས་གཞིར (འཆར་ཟིན )ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུ། བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པས་ཨུ་རུ་སུ་དང་ཧོ་ལན་སོགས་སུ་འཚམས་འདྲིར་བསྐྱོད་པའི་ཕྱོགས་བསྡོམས་སྙན་ཞུར (ཡིག་ཐོག )གྲོས་ཞིབ་བྱ་རྒྱུ། བསྐོ་འཐེན་བྱ་རྒྱུའི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་སོགས་རེད།