དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཏུའུ་དབྱིང་གིས་ཀྲུང་དབྱང་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོཌ་ཆུང་ཆེད་དོན་རྣམ་གྲངས་ཚོཌ་ཆུང་གི་སྣེ་ཁྲིད་དེ་གཞིས་རྩེར་ལྟ་སྐུལ་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་5ནས་ཚེས་7ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེའི་ཕེབས་རོགས་འོག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏུའུ་དབྱིང་གིས་ཙུའུ་ཀྲང་གནང་བའི་ཀྲུང་དབྱང་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དོན་རྣམ་གྲངས་ཚོགས་ཆུང་བོད་སྐྱོད་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་གཞིས་རྩེ་ས་ཁུལ་དུ་ཉིན་གསུམ་རིང་བརྟག་ཞིབ་གནང་ཞིང་། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཟམ་ཕུག་ལས་གྲྭ་དང་པ་སྣམ་རྫོང་གི་ནུས་མཐོའི་རིག་ནུས་དྲོད་ཁང་། ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་ཁུལ། ལྷ་རྩེ་རྫོང་གཞིས་ཆེན་ཤང་སྒང་གཞིས་གྲོང་ཚོའི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་རྣམ་གྲངས་བཅས་ལ་གཙོ་གནད་ཐོག་རྟོག་ཞིབ་གནང་བ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་སྲིད་ཇུས་དང་། བྱ་ཐབས། རྣམ་གྲངས་གལ་ཆེན་བཅས་དོན་འཁྱོལ་བྱེད་ཚུལ་དང་རེས་འཁོར་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་གྱི་ལག་བསྟར་གནས་ཚུལ་བཅས་ལ་ཆེད་དོན་རྣམ་གྲངས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཅིན་ཧྲི་ཤུན་བརྟག་ཞིབ་གནང་སྐབས་མཉམ་དུ་ཕེབས་ཡོད་པ་རེད།

        ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཟམ་པའི་ལས་ཡུལ་དུ་ཏུའུ་དབྱིང་གིས་ལས་གྲྭའི་ས་བཀྲར་ནན་ཏན་ངང་གཟིགས་པ་དང་ལས་གྲྭའི་འཕེལ་རིམ་དང་བདེ་འཇགས་དོ་དམ། སྣོད་བཅུད་སྲུང་སྐྱོང་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞིབ་ཕྲ་གནང་ནས་འཛུགས་སྐྲུན་པ་རྣམས་ལ་བདེ་འཇགས་ཐད་དོ་སྣང་དང་གཟུགས་པོར་བདག་གཅེས་བྱས་ཏེ་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་དུས་ཐོག་ཏུ་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་བྱེད་དགོས་པའི་མངགས་བྱ་གནང་བ་རེད། ལྷ་རྩེ་རྫོང་སྒང་གཞིས་གྲོང་ཚོར་ཏུའུ་དབྱིང་གིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འཛུགས་སྐྲུན་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཚགས་གནང་ནས་བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་གིས་གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུའི་རྣམ་གྲངས་ལ་ལྟ་སྐུལ་དོ་དམ་དང་རྣམ་གྲངས་བསྐྲུན་རྗེས་ཀྱི་འཁོར་སྐྱོད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཞིང་འབྲོག་མང་ཚོགས་ཀྱི་འཐུང་ཆུའི་དཀའ་ངལ་སོགས་གནད་དོན་ཐག་གཅོད་བྱེད་དགོས་པ། རྣམ་གྲངས་འཛུགས་སྐྲུན་གྱིས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་རྣམ་གྲངས་འཛུགས་སྐྲུན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་བླང་བྱ་ཡང་བཏོན་གནང་བ་རེད། པ་སྣམ་རྫོང་གི་ནུས་མཐོའི་རིག་ནུས་དྲོད་ཁང་དང་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་ཁུལ་དུ་རྟོག་ཞིབ་གནང་སྐབས་ཏུའུ་དབྱིང་གིས་གླིང་ཁུལ་དེའི་ལས་དོན་མི་སྣའི་ངོ་སྤྲོད་ནན་ཏན་ངང་གསན་ནས་པ་སྣམ་གྱི་སྔོ་ཚལ་ཐོན་ལས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གིས་པ་སྣམ་རྫོང་གིས “སྤུས་དག་དང་བདེ་འཇགས ”ཀྱི་རྩ་དོན་གཞིར་བཟུང་སྔོ་ཚལ་གྱི་སྤུས་རྟགས་མཐོ་རུ་གཏོང་བ་དང་། ས་ཁོངས་དཔལ་འབྱོར་གྱི་བཀོད་པ་སྔར་བས་ལེགས་སུ་གཏོང་བ། ས་ཁོངས་རང་བཞིན་གྱི་གཙོ་ཁྲིད་ཐོན་ལས་རིམ་བཞིན་གསོ་སྤེལ་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མཐོ་རུ་ཏན་ཏིག་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། པ་སྣམ་རྫོང་དུ་ཏུའུ་དབྱིང་དང་བཅས་པས་ཞིང་པ་སྤེན་པ་བཀྲ་ཤིས་ཀྱི་ཁྱིམ་དུ་ཕེབས་ནས་ཁོང་དང་ཅི་འཕྲོས་མོལ་འཕྲོས་གནང་བ་དང་ཐོན་སྐྱེད་དང་འཚོ་བའི་སྐོར། དེ་བཞིན་ཀྲུང་དབྱང་གི་སྲིད་ཇུས་དང་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་གྱིས་ཞིང་འབྲོག་མང་ཚོགས་ལ་ཕན་པ་དངོས་ཐོབ་པའི་སྐོར་བཀའ་འདྲི་གནང་བ་རེད།

        གཞིས་རྩེ་ས་ཁུལ་དུ་བཞུགས་མོལ་གནང་སྐབས་གཞིས་རྩེ་ས་ཁུལ་གྱི་འགན་འཁུར་མི་སྣ་དང་ཧྲང་ཧའེ་དང་ཧྲན་ཏུང་། ཧེ་ལུང་ཅང་། ཅི་ལིན་བཅས་ཞིང་ཆེན་དང་གྲོང་ཁྱེར་བཞི་དང་པའོ་ཧྲན་ལྕགས་དང་ངར་ལྕགས་ཚོགས་པ་དང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པའི་ཁེ་ལས་གཉིས་ཀྱི་བོད་སྐྱོར་རུ་སྣེ་ཁྲིད་མཁན་གྱི་ལས་དོན་སྙན་སེང་གསན་རྗེས་ཏུའུ་དབྱིང་གིས་ད་ལོ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་པའི་ལོ་ཞིག་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དོན་འཁྱོལ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་སྔ་མཐུད་ཕྱི་འབྲེལ་བྱེད་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན་པས་ད་ལོའི་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་དང་། ཁོང་གིས་བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་པ། 《“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་འཆར་འགོད་ཇུས་གཞི 》ནན་ཏན་ངང་ལག་བསྟར་བྱས་ཏེ་འཕེལ་རྒྱས་དང་བརྟན་ལྷིང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་བཅས་བྱས་ནས་བོད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་འབད་བརྩོན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

        ཞིབ་བཤེར་བྱེད་ཡུལ་ཁག་ཏུ་ཝུའུ་དབྱིང་ཅེས་ཞིབ་ཕྲའི་རྣམ་གྲངས་དང་ཟུང་འབྲེལ་གནང་ནས་ཞིབ་བཤེར་ཚོགས་ཆུང་ལ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་དང་ལྷག་པར་དུ “ལོ་ལྔ་ཚན་བཅུ་གཉིས་པའི ”ཚུན་དུ་རང་ལྗོངས་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན། ཁ་གཏད་བོད་སྐྱོར་འཆར་འགོད་ལག་བསྟར་དོན་འཁྱོལ་བྱེད་ཚུལ་སོགས་ངོ་སྤྲོད་ཞིབ་ཕྲ་གནང་བ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་དང་། འཕེལ་སྒྱུར་ཨུ་ལྷན། འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཆུ་བེད་ཐིང་། ཞིང་འབྲོག་ཐིང་། ཚོང་དོན་ཐིང་བཅས་དང་གཞིས་རྩེ་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།