དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བཀོད་སྒྲིག་ཟིན་པ་རྣམས་དོན་འཁྱོལ་ནན་པོ་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་པ་དང་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་3ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་འདོམས་པུས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་དུས་མཚམས་རྗེས་མའི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཧོའུ་ཕུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ལ་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གལ་ཤིན་ཏུ་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་དང་། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་ཡང་འབད་བསྐྱར་འབད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཀོད་སྒྲིག་གནང་བ་ཁྱོན་ཡོངས་ནས་དོན་འཁྱོལ། གནད་དོན་ཆེ་འབྲིང་ཆུང་གསུམ་མི་ཐོན་པ་བཅས་བྱས་ཏེ་བོད་འདི་ཉིད་བརྟན་ལྷིང་གི་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་གསུངས་གནང་བ་རེད།

        བློ་བཟང་རྒྱལ་མཚན་དང་། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ཏུང་ཡུན་ཧུའུ་སོགས་ཚོགས་འདུར་ཕེབས་པ་རེད།

        འབྲེལ་ཡོད་ཕྱོགས་ཁག་གིས་གནང་བའི་སྙན་ཞུ་གསན་རྗེས་ཧའོ་ཕུང་གིས་ཉེ་དུས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་ཆེད་དོན་ཚན་ཁག་གི་གཅིག་གྱུར་བཀོད་འདོམས་འོག་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་བཀོད་སྒྲིག་ཟིན་པ་རྣམས་ནན་ཏན་ངང་དོན་འཁྱོལ་དང་། གྲ་སྒྲིག་ཨང་བསར། བསྟུད་མར་དམག་འཐབ་བཅས་བྱས་ཏེ་ཞོ་སྟོན་སོགས་དུས་སྟོན་བྱེད་སྒོའི་བདེ་སྲུང་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་པར་བསྒྲུབས་པ་དང་ཆབས་ཅིག་སྤྱི་ཚོགས་ཁྱོན་གྱི་མཉམ་འབྲེལ་འགོག་སྲུང་དང་མཉམ་འབྲེལ་ཚོད་འཛིན་གྱི་ལས་དོན་ལ་སྐུལ་འདེད་བཏང་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད་ཅེས་བསྟན་གནང་བ་རེད།

        མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཧའོ་ཕུང་གིས་ས་ཁུལ་དང་གྲོང་ཁྱེར་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་ལས་དོན་དེ་གཙོ་བོར་འཛིན་ཏེ “མི་ཐོན་པ་གསུམ ”གྱི་དམིགས་ཚད་གཞིར་བཟུང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་སྟེ།

        གཅིག་ནས་སྤྱི་ཚོགས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། རྡུང་རྡེག་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་སྟེ་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་བསལ་ནས་སྤྱི་ཚོགས་དུས་བབ་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། གྲོང་ཁྱེར་ལ་དྲ་མིག་ཅན་གྱི་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ཆབས་ཅིག་མཉམ་བརྩོན་མཉམ་འགུལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ཡོངས་སུ་ཁྱབ་པ་བྱེད་དགོས་པ། རིམ་ཁག་སྤྱི་བདེ་ལས་ཁུངས་དང་ལས་འགན་སྒྲུབ་མཁན་དམག་དཔུང་གིས་དངོས་འཐབ་ནང་སྦྱོང་སྣ་ཚོགས་བྱེད་པ་དང་། ཐོལ་བྱུང་དོན་རྐྱེན་ཐག་གཅོད་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྟོབས་ཤུགས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས།

        གཉིས་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། རིམ་ཁག་དགོན་སྡེ་དོ་དམ་སྒྲིག་གཞིས་དགོན་སྡེར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་དོ་དམ་བྱེད་སྟངས་གསར་གཏོད་བྱ་རྒྱུའི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དགོན་སྡེའི་ནང་ཁུལ་གྱི་བདེ་འཇགས་དོགས་ཟོན་བྱེད་ཐབས་སྤྱོད་ཤུགས་ཆེ་རུ་གཏོང་བ། གྲྭ་བཙུན་ལ་ཞབས་འདེགས་ཞུ་བ་དང་དོ་དམ་བྱེད་པའི་ལས་དོན་སྔར་བས་ཡག་པོ་སྤེལ་བ། དགོན་སྡེའི “གཅིག་རེ་དྲུག ”བྱེད་སྒོ་དང “ཡོད་པ་དགུ ”ཡི་ལས་གྲྭར་སྐུལ་འདེད་ཏན་ཏིག་གཏོང་བ། དུས་བདེ་ཞི་མཐུན་གྱི་དགོན་སྡེ་གཏོད་པའི་བྱེད་སྒོ་དང་དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།

        གསུམ་ནས་མང་ཚོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་སྤེལ་དགོས། རྨང་བརྟན་དམངས་ཕན་བྱེད་སྒོ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དམ་འཛིན་བྱེད་སར་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་ལ་ཕབ་པའི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ་དང་། མང་ཚོགས་ལ་བྱ་བ་དངོས་མང་ཙམ་སྒྲུབ་པ། མང་ཚོགས་ལ་དཀའ་གནད་སེལ་རོགས་མང་ཙམ་བྱེད་པ་བཅས་ཀྱི་ཐོག་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། བརྟན་ལྷིང་ལ་གནོད་པའི་གནད་དོན་ཆེ་རིགས་གྲལ་བཤེར་མཐིལ་རྟོགས་བྱས་ནས་ཐག་གཅོད་དང་། མངོན་གསལ་དོད་པའི་འགལ་བ་དང་རྩོད་གཞི་སེལ་བ་དང་ཐག་གཅོད་འོས་འཚམ། སྤྱི་ཚོགས་བརྟན་ལྷིང་ཉམས་ཉེན་ཚོད་སྐོར་ལམ་སྲོལ་ལག་བསྟར་ནན་པོ་བཅས་བྱས་ཏེ་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་ཉམས་ཉེན་འབྱུང་རྩ་ནས་ཆུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱེད་དགོས།

        བཞི་ནས་སྤྱི་པའི་བདེ་འཇགས་འགན་ལེན་བྱེད་དགོས། ཁྲིམས་འཛིན་ཞིབ་བཤེར་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གཞུང་ལམ་འགྲིམ་འགྲུལ་དང་མེ་ཟོན་བདེ་འཇགས་རྐྱེན་ངན་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་གྲགས་ཅན་ཡུལ་ལྗོངས་ཁུལ་དང་ཡུལ་ལྗོངས་ས་ཚིགས་དང་། ཆུ་གློག་སྣུམ་རླངས་བཅས་ཀྱི་སྒྲིག་བཀོད། གཙོ་གནད་ལས་གྲྭ་བཅས་ལ་ལྟ་སྐུལ་དོ་དམ་བྱེད་པའི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ནས་སྤྱི་པའི་བདེ་འཇགས་དོན་རྐྱེན་ཚབས་ཆེན་ཐོན་རྒྱུ་ནན་འགོག་བྱེད་དགོས། དགེ་རྒན་དང་། སློབ་མ། ལས་མི་བཅས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ཡག་པོ་སྤེལ་ནས་སློབ་གྲྭའི་བརྟན་ལྷིང་སྲུང་སྐྱོང་སྔར་ལས་ལྷག་པ་བྱེད་དགོས།

        ལྔ་ནས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལས་དོན་ལ་སྐུལ་འདེད་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་རྒྱུ་བརྗོད་དོན་གཙོ་བོར་བྱས་ཏེ་དྲིལ་བསྒྲགས་འཕྲིན་སྤེལ་ལས་དོན་སྒྲིག་འཛུགས་ཞིབ་མོ་བྱས་ནས་གུང་ཁྲན་ཏང་ཡག སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག མི་དམངས་དམག་དཔུང་ཡག མི་རིགས་ཁག་གི་མང་ཚོགས་ཡག རླབས་ཆེན་མེས་རྒྱལ་ཡག་བཅས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་། “རྒྱལ་གཅེས་དང་། མཐུན་སྒྲིལ། ཞི་མཐུན། འཕེལ་རྒྱས། ཤེས་དཔལ ”བཅས་བརྗོད་དོན་གཙོ་བོར་བྱེད་པའི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ། དྲ་འབྲེལ་སོགས་གསར་དར་སྨྱན་སྦྱོར་ལ་ཁྲིམས་ལུགས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་ཤོད་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས་ཞི་མཐུན་བརྟན་ལྷིང་དང་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་བཟང་པོ་ཞིག་ཧུར་བརྩོན་ཆེན་པོས་གཏོད་དགོས།

        དྲུག་ནས་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རིམ་ཁག་བརྟན་ལྷིང་སྲུང་སྐྱོང་ལྟ་སྐུལ་མཛུབ་ཁྲིད་ཆོགས་ཆུང་གིས་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་གཞི་རིམ་ཚན་པ་ཁག་ཏུ་སྐྱོད་པ་དང་ཆབས་ཅིག་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་ལྷུ་ཚིགས་ཞན་སར་ཤུགས་སྣོན་རྒྱག་རྒྱུར་སྐུལ་མ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དང་བདེ་འཇགས་དོགས་ཟོན་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས། ཆབ་སྲིད་སྒྲིག་ལམ་ནན་དུ་གཏོང་དགོས་ཤིང་། རིམ་ཁག་ཏང་སྲིད་འགོ་ཁྲིད་གཙོ་བོས་འགན་འཁྲི་བ་ཨང་དང་པོའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་བྱས་ནས་ཕྱོགས་གཅིག་དུས་བདེ་དང་ཁྱོན་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།