རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་གོང་ཚེས་ཉིན་གྱི་སྔ་དྲོར་འཚོགས་པའི་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུའི་ཐོག་ལྷ་སའི་རིམ་ཁག་སྡེ་ཚན་ཁག་ལ་སྔར་བས་སྙིང་སྟོབས་རབ་འཕེལ་དང་ཡིད་ཆེས་བརྟན་དུ་བཏང་ནས་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་དང་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་གསན་རྗེས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱ་རྒྱུ་དེ་ནི་རྒྱལ་དར་གྱི་རྩ་བ་ཡིན་ལ་རང་རེའི་ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བའི་རྩ་བའི་བླང་བྱ་ཞིག་ཀྱང་ཡིན། འདི་ལོའི་ཟླ་དང་པོ་ནས་ཟླ་བདུན་པ་བར་ལྷ་སའི་བཟོ་ལས་དཔལ་འབྱོར་འཕར་འགོ་ཚུགས་པ་དང་། ནོར་སྲིད་ཀྱི་གཏོང་ཡོང་བརྟན་པོའི་ངང་འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ལེགས་སུ་ཕྱིན་པ། ཐོན་ལས་སྐྱེད་སྲིང་གི་གོམ་སྟབས་མུ་མཐུད་མགྱོགས་སུ་ཕྱིན་པ། དམངས་འཚོའི་གནད་དོན་སྔར་བས་ཐག་གཅོད་ཐུབ་པ་བཅས་བྱུང་ནས་གོམ་སྟབས་རྗེས་མར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་ཆེད་རྨང་གཞི་བཏིང་བ་དང་གཏིང་ཤུགས་བསྣན་ཡོད་ཅེས་གསུངས་པ་རེད།
ཆེ་དགྲ་ལྷས་སྔར་བས་སྙིང་སྟོབས་རབ་འཕེལ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན་ཞིང་། ཁོང་གིས་སྤུན་ཟླའི་ཞིང་ཆེན་གྱི་གྲོང་ཁྱེར་དང་བསྡུར་ཚེ་ལྷ་སའི་འཕེལ་རྒྱས་ཀྱི་རྨང་གཞི་ཞན་ཙམ་ཡོད་པ་དང་ཁྱབ་ཁོངས་མང་པོར་ད་དུང་སྟོང་ཆ་ལུས་ཡོད་མོད། འོན་ཀྱང་དེ་ནི་ལྷ་ས་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་ལེགས་ཆ་ཡང་ཡིན་པ་ང་ཚོས་མཐོང་ཐུབ་པ་བྱེད་དགོས། ང་ཚོས་འགྲན་སློང་དེ་གོ་སྐབས་སུ་འགྱུར་བ་བྱས་ནས་ཀྲུང་དབྱང་གིས་རང་ལྗོངས་ལ་གནང་བའི་གཟིགས་སྐྱོང་སྲིད་ཇུས་ཁག་བེད་སྤྱོད་ཡག་པོ་དང་གནད་ལ་འཁེལ་བ་བྱེད་དགོས། བསམ་བློ་སྔར་བས་བཅིངས་འགྲོལ་དང་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒུལ་ཤུགས་སུ་བྱས་ནས་ལས་དོན་དངོས་ནང་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་དཔལ་འབྱོར་གྱི་འཕར་གཞི་གསར་པ་འཚོལ་བ་དང་། དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་དང་དཀའ་གནད་ལས་སྒྲོལ་བ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་ངང་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། མགྱོགས་མྱུར་ངང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཕྱག་རྟགས་འབུལ་དགོས་ཞེས་གསུངས་པ་རེད།