ཟླ་9ཚེས་4ཉིན་གྱི་སྔ་དྲོ་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཤར་ནུབ་མཉམ་ལས་ཐོག་བྱང་ཚད་ལ་བརྟེན་ནས་ཉེན་རྟོག་པ་སྟོབས་ཆེར་གཏོང་བའི་བྱ་སྤྱོད་འཆར་གཞི་དང་བྱང་ཚད་ལ་བརྟེན་ནས་ཉེན་རྟོག་པ་སྟོབས་ཆེར་གཏོང་བའི་སྤེལ་རེས་མཉམ་ལས་ཚོགས་འདུ་དེ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ལོ་གསུམ་རིང་ཤར་ནུབ་མཉམ་ལས་ཐོག་བྱང་ཚད་ལ་བརྟེན་ནས་ཉེན་རྟོག་པ་སྟོབས་ཆེར་གཏོང་བའི་བྱ་སྤྱོད་འཆར་གཞིར་ཐོབ་པའི་ཉམས་མྱོང་དང་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་དང་འབྲེལ་སྤྱི་བདེའི་ལས་དོན་སྒོ་ཀུན་ནས་སྤེལ་རྒྱུ་དང་སྤྱི་བདེའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་ཚན་རིག་དང་མཐུན་པའི་གོང་འཕེལ་ཡོང་བར་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞའོ་ཀང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཏེང་ཞའོ་ཀང་གིས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་བོད་ཀྱི་ལས་ཀ་ཨང་དང་པོ་ཡིན་ལ། ལས་དོན་མཐའ་དག་ལས་ལྷག་པའི་ཆབ་སྲིད་ལས་འགན་དང་འགན་འཁྲི་དང་པོའང་ཡིན། བོད་ཀྱི་བརྟན་ལྷིང་ནི་རྒྱལ་ཡོངས་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་ཅིང་། ན་ནིང་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “ཕུགས་ཀྱི་ཐབས་ཇུས་བཏོན་ནས་རྩ་བ་བརྟན་པོ་འཛུགས་དགོས་པའི ”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཐབས་དང་ཇུས་ལེགས་པར་བཏིང་བ་དང་རང་འགུལ་དམག་ཡག་པོ་བརྒྱབ་སྟབས་འཕེལ་རྒྱས་དམ་འཛིན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་ཀའི་ཚན་ཁག་གཉིས་དང་འགན་འཁྲིའི་མ་ལག་གཉིས་ཆགས་པ་དང་། ཕུགས་ལ་དོ་དམ་དང་། རྩ་བ་བཅོས་པ། ཕན་འབྲས་མངོན་གསལ་དོད་པ། དམངས་སེམས་ཟུག་པ་བཅས་ཀྱི་བྱ་ཐབས་ནུས་ལྡན་ཁག་བཅུ་ཞིབ་འཇུག་བྱས་ནས་བཟོས་པས “མི་ཐོན་པ་གསུམ ”གྱི་གྲུབ་འབྲས་ཐོག་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་མ་ཐེབས་ཡོད་ཅེས་གསུངས།
ཚོགས་འདུའི་ཐོག 《རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་བྱང་ཚད་ལ་བརྟེན་ནས་ཉེན་རྟོག་པ་སྟོབས་ཆེར་གཏོང་བའི་སྤེལ་རེས་མཉམ་ལས་བྱ་རྒྱུའི་སྤྱི་བདེ་པུའི་ལག་བསྟར་བྱ་ཐབས 》ལ་གྲོས་བསྡུར་བྱས་ནས་ཤར་ནུབ་མཉམ་ལས་ཁར་བྱང་ཚད་ལ་བརྟེན་ནས་ཉེན་རྟོག་པ་སྟོབས་ཆེར་གཏོང་བའི་བྱ་སྤྱོད་འཆར་གཞི་ལོ་3སྤེལ་རིང་ཐོན་པའི་ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པའི་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་མ་ཟད། པེ་ཅིང་དང་། ཐེན་ཅིང་། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་། ཀོང་ཏུང་། བོད་ལྗོངས། མཚོ་སྔོན། ཉིང་ཞ་བཅས་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་10ཡི་སྤྱི་བདེ་ཐིང (ཅུས )ཀྱི་ཚན་པ་དང་མི་སྒེར་ཁག་གཅིག་གིས་སྤེལ་རེས་ཚོགས་འདུའི་ཐོག་གཏམ་བཤད་ཀྱང་བྱས་པ་རེད།