དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཆིན་དབྱི་ཀྲིས་ཏེན་ཚྭ་ཁྱབ་གདལ་གྱི་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་31ཉིན་གྱི་ཕྱི་དྲོ་ལྗོངས་ཡོངས་ཀྱི་ཏེན་ཚྭ་ཁྱབ་གདལ་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་བཪྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ་རེད།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆིན་དབྱི་ཀྲི་ཡིས་ཚོགས་འདུར་ཕེབས་པ་དང་། འབྲེལ་གསུང་བཤད་ཀྱང་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ཀྱིས་ཏེན་ཚྭ་ཁྱབ་གདལ་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད།

        ཆིན་དབྱི་ཀྲི་ཡིས་བོད་ནི་རང་རྒྱལ་གྱི་ཏེན་ཚྭ་མི་འདང་བའི་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་ཞིང་ཆེན (རང་སྐྱོང་ལྗོངས )གྱི་གྲས་ཤིག་ཡིན་པ་དང་གནོད་འཚེ་ཕོག་མཁན་ལྗོངས་ཡོངས་ཀྱི་མི་འབོར་གྱི་70%ཡན་ཟིན་ཡོད། དུས་ཡུན་རིང་པོའི་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏེན་རྒྱུ་མི་འདང་བའི་ནད་གཞི་འགོག་བཅོས་བྱ་རྒྱུ་དང་ཏེན་རྒྱུ་མི་འདང་བའི་གནོད་འཚེ་མེད་པ་བཟོ་རྒྱུ་དེ་དམངས་ཕན་འདུ་འགོད་ཆེན་པོ་ཞིག་དང་དམངས་འཚོའི་དོན་ཆེན་ཞིག་ལ་བརྩིས་ཏེ་ཏེན་རྒྱུ་མི་འདང་བའི་ནད་འགོག་བཅོས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་ཏེན་རྒྱུ་མི་འདེང་བའི་ནད་རྩ་བའི་ཆ་ནས་མེད་པའི་བཟོ་རྒྱུའི་དམིགས་ཚད་གཙོ་བོ་དང་དུས་མཚམས་རང་བཞིན་གྱི་དམིགས་ཚད་ལས་འགན་གཏན་འཁེལ་བྱས་ལ་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་ཡང་བཙུགས་ཡོད། དེ་དང་ཕྱོགས་མཚུངས་སུ་ཚྭ་ལས་དོ་དམ་སྒྲིག་སྲོལ་དང་གཉེར་སྐྱོང་སྒྲིག་སྲོལ་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་སྲིད་ཇུས་དང་མ་དངུལ་སོགས་ནས་རྒྱབ་སྐྱོར་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་སྡེ་ཚན་ཁག་དང་ཚྭ་ལས་ཁེ་ལས་ཀྱིས་ལོ་མང་ཐུན་མོང་ཐོག་འབད་བརྩོན་བྱས་སྟབས་དུས་ཐུང་ལོ་ལྔའི་ནང་རང་ལྗོངས་སུ་ཏེན་ཚྭ་ཁྱབ་ཚད་བརྒྱ་ཆའི་གྲངས་59.6མཐོ་རུ་སོང་བ་དང་། 2010ལོར་སླེབས་སྐབས་91.2%ཟིན་པ། རྒྱལ་ཁབ་ཀྱི་དཔྱད་ཞིབ་ཚོད་སྐོར་ཚོགས་ཆུང་གི་ཞིབ་བཤེར་རྩིས་ལེན་བྱུང་བ། ཏེན་རྒྱུ་མི་འདང་བའི་ནད་མེད་པ་བཟོ་བའི་དུས་མཚམས་ཀྱི་དམིགས་ཚད་རྩ་བའི་ཆ་ནས་མངོན་འགྱུར་བྱུང་ཡོད་ཅེས་བསྟན་གནང་བ་རེད།

        ཆིན་དབྱི་ཀྲི་ཡིས་ཏེན་རྒྱུ་མི་འདང་བའི་ནད་གཞི་འགོག་བཅོས་ལས་དོན་ནི “བྱས་རྗེས་དེང་འདིར་འཇོག ཕན་འབྲས་བསྐལ་བརྒྱར་ཐོན་པའི ”དམངས་འཚོའི་འདུ་འགོད་ཅིག་དང་དུས་ཡུན་རིང་པོའི་ལས་འགན་ཞིག་རེད། དེས་ན་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་ངོས་འཛིན་མཐོར་གཏོང་དང་བསམ་བློ་གཅིག་གྱུར་ཡོང་བ་བྱས་ཏེ་ཏེན་ཚྭ་ཁྱབ་གདལ་གྱི་ལས་དོན་ཡག་པོ་སྤེལ་བའི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། འགན་འཁྲི་དོན་འཁྱོལ་དང་། རོགས་ལས་ལ་ཤུགས་སྣོན། རང་འགན་གཙང་སྒྲུབ། རང་འགན་རང་འཁུར། གཞོཌ་འདེགས་དམ་ཟབ་བཅས་བྱེད་པ། ཏེན་ཚྭ་སྡེབ་སྐྱེལ་བྱ་རྒྱུ་དེ་སྤྱི་ཚོགས་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩི་བ་དང་ཆབས་ཅིག་སྡེབ་སྐྱེལ་བྱེད་རྒྱ་ཆེ་བ་དང་ཟོག་འགྲེམས་ཆ་རྐྱེན་ཞན་པ་སོགས་ཀྱི་དཀའ་ངལ་ཁྱབ་བསད་ཀྱིས་སྡེབ་སྐྱེལ་ལས་འགན་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ལེགས་པར་སྒྲུབ་པ། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དྲིལ་བསྒྲགས་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་ཏེན་ཚྭ་ཁྱབ་གདལ་གཏོང་རྒྱུ་དང་ཏེན་རྒྱུ་མི་འདང་བའི་གནོད་འཚེ་མེད་པ་བཟོ་རྒྱུའི་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུ་དང་བསྐྱར་དུ་བྱས་རྗེས་གསར་པ་འཇོག་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

        ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཤང་མི་དམངས་སྲིད་གཞུང་སོགས་སྔོན་ཐོན་མཉམ་སྡེབ་65དང་སྐལ་བཟང་ཆོས་སྒྲོན་སོགས་སྔོན་ཐོན་མི་སྒེར་122ལ་གཟེངས་བསྟོད་བྱས་པ་དང་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིས་ཉམས་མྱོང་སྤེལ་རེས་གཏམ་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།