ཟླ་8ཚེས་25ཉིན་གྱི་སྔ་དྲོ་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གིས་བཀོད་འདོམས་ལྟེ་གནས་གསར་པ་བསྐྲུན་པའི་མཛད་སྒོ་སྤེལ་བའི་ནང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་དང་སྤྱི་བདེ་པུའི་མཐའ་སྲུང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝུའུ་ཏུང་ལི་ཚོགས་འདུར་ཞུགས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ཏེང་ཞའོ་ཀང་བཅས་མཛད་སྒོར་ཕེབས་ཡོད་པ་རེད།
ཧའོ་ཕུང་གིས་གསུང་བཤད་གནང་སྐབས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་བཀོད་འདོམས་ལྟེ་གནས་གསར་པ་བསྐྲུན་པར་སྤྲོ་སེམས་རབ་ཏུ་འཕེལ་བའི་ངང་རྟེན་འབྲེལ་ཞུས་པ་དང་མཛད་སྒོར་ཕེབས་པའི་ཝུའུ་ཏུང་ལི་ཅུས་ཀྲང་བཅས་པར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས་གནང་བ་རེད།
ཧའོ་ཕུང་གིས་བོད་ཀྱི་སྤྱི་བདེ་མཐའ་སྲུང་དཔུང་སྡེ་འཛུགས་སྐྱོང་མགྱོགས་སུ་གཏོང་བའི་བྱ་ཐབས་ནུས་ལྡན་ཏེ་བོད་ཀྱི་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་བཀོད་འདོམས་ལྟེ་གནས་གསར་པ་བསྐྲུན་ཏེ་སྤྱོད་འགོ་ཚུགས་པ་དེར་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབད་འབུངས་དང་ཐུགས་རེ་འདུས་ཡོད་ཅེས་དང་ཁོང་གིས་བོད་ཀྱི་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གིས་ཐོབ་དཀའ་བའི་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་གཅེས་འཛིན་བྱས་ནས་ནུས་པ་འཐུས་སྒོ་ཚང་བ་དང་སྒྲིག་ཆས་ཆ་ཚང་བའི་བཀོད་འདོམས་ལྟེ་གནས་གསར་པ་འདི་ཉིད་ངེས་པར་དུ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས་པ་དང་སྦྲགས་དེ་གོ་སྐབས་སུ་བརྩིས་ནས་དཔུང་སྡེ་གསར་བརྗེ་ཅན་དང་། དེང་རབས་ཅན། ཚད་ལྡན་ཅན་བཅས་སུ་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་ཁབ་བདེ་འཇགས་འགན་ལེན་བྱ་ཆེད་གསར་ལ་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།
ཝུའུ་ཏུང་ལིས་དང་ཐོག་སྤྱི་བདེ་མཐའ་སྲུང་དོ་དམ་ཅུས་ཏང་ཨུད་ཀྱི་ཚབ་ཞུས་ཏེ་སྤྱི་བདེའི་མཐའ་སྲུང་ལས་དོན་ལ་ཡུན་རིང་ནང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རང་སྐྱོང་ལྗོངས་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཧའོ་ཕུང་དང་ཝུའུ་ཏུང་ལི་རྣམ་གཉིས་ཀྱིས་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་བཀོད་འདོམས་ལྟེ་གནས་གསར་པའི་སྒོ་བྱང་གི་ཁེབས་རས་ཕྱེ་ཞིང་། མཛད་སྒོ་མཇུག་བསྒྲིལ་རྗེས་ཧའོ་ཕུང་དང་ཝུའུ་ཏུང་ལི་སོགས་འགོ་ཁྲིད་ཚོས་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་བཀོད་འདོམས་ལྟེ་གནས་གསར་པའི་འབྲེལ་ཡོད་ཀྱི་ཆ་ལག་ཚང་བའི་སྒྲིག་བཀོད་ལ་གཟིགས་སྐོར་གནང་བ་རེད།