དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཆེ་དགྲ་ལྷས་པེ་ཅིང་གྲོང་ཁྱེར་ཁྲང་ཕིང་ཆུས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་8ཚེས་21ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་ལྷ་སར་པེ་ཅིང་གྲོང་ཁྱེར་ཁྲང་ཕིང་ཆུས་ཨུད་ཀྱི་ཧྲུའུ་ཅི་ཧོའུ་ཅུན་ཧྲུའུ་ཡིས་སྣེ་ཁྲིད་གནང་བའི་ཏང་སྲིད་འཐུས་མི་ཚོགས་པ་བཅས་པ་དང་མཇལ་འཛོམས་གནང་བ་རེད།

        ཆེ་དགྲ་ལྷས་དང་ཐོག་ལྷ་ས་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་པེ་ཅིང་གྲོང་ཁྱེར་ཁྲང་ཕིང་ཆུས་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་དུས་མཚུངས་ཁྲང་ཕིང་ཆུས་ཀྱིས་ལོ་མང་རིང་ལྷ་ས་དང་ལྷག་པར་དུ་འདམ་གཞུང་རྫོང་ལ་ཐུགས་ཁུར་དང་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

        ཆེ་དགྲ་ལྷས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་ལྷ་ས་གྲོང་ཁྱེར་གྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་དམིགས་པ་དང “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”བཅས་ཀྱི་སྤྱིའི་དམིགས་ཚད་བླང་བྱར་གཞིགས་ཏེ་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་རྒྱུའི་འགན་ལེན་བྱས་པ་དང་དུས་མཚུངས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལས་དོན་ཁག་ལ་སྤྱི་ཡོངས་ནས་སྐུལ་འདེད་བཏང་ཡོད། ལྷ་ས་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལ་དམ་པོར་དམིགས་ནས་ན་ནིང་ཁོར་ཡུག་ལས་དོན་ཚོགས་འདུ་འཚོགས་པ་དང་སྦྲགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་བཏོན་པའི་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་ནུས་པ་འདོན་སྤེལ་བྱེད་པ་དང “ཕྱོགས་བདུན་ཐད ”ཀྱི་བླང་བྱ་གཞིར་བཟུང “ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་སྐྲུན་པ་དང་། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་བ་བྱེད་པ། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ། དམངས་འཚོར་བརྟེན་ནས་གྲོང་ཁྱེར་བདེ་འཇགས་ཡོང་བ་བྱེད་པ། བཅའ་ཁྲིམས་ལ་བརྟེན་ནས་གྲོང་ཁྱེར་བརྟན་ལྷིང་ཡོང་བ་བྱེད་པ ”བཅས་ཀྱི་འཐབ་ཇུས་ཆེ་མོ་ལྔ་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་བ་དང་། རྣམ་གྲངས་ལ་སྐུལ་སྤེལ་དང་། གླིང་དང་ཁུལ་སྐུལ་ཁྲིད། ཐོན་ལས་ལ་སྐུལ་འདེད། དམངས་གཉེར་ལ་སྐུལ་འདེད། ཤེས་ལྡན་པ་གསོ་སྐྱོང་། ཁོར་ཡུག་ལེགས་གཏོད་སོགས་གཙོ་གནད་ལས་དོན་དམ་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་སྣེ་ཁྲིད་དང་། བརྟན་ལྷིང་འགག་རྩ། མཐུན་སྒྲིལ་དཔེ་བཟང་། དམངས་འཚོ་སྔོན་སྤེལ། རིག་གནས་དཔེ་སྟོན། སྣོད་བཅུད་སྣེ་ཁྲིད། ཏང་འཛུགས་གདོང་ལེན་བཅས་ཕྱོགས་བདུན་གྱི་ཐད་ཚད་བརྒལ་ཡོང་བའི་འབད་བརྩོན་བྱས་པས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་བ། མི་དམངས་ཀྱི་འཚོ་བ་ལེགས་སུ་ཕྱིན་པ་བཅས་ཀྱི་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐུགས་བློ་བདེ་བ་དང་། ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམས་པ་བྱུང་ཡོད་ཅེས་གསུངས་པ་རེད།

        ཆེ་དགྲ་ལྷས་མཇུག་ཏུ་ལྷ་ས་གྲོང་ཁྱེར་གྱིས་དོན་ཆེན་གཉིས་ཏེ་འཕེལ་རྒྱས་དང་བརྟན་ལྷིང་དམ་འཛིན་ལེགས་པར་བྱས་ཏེ་ལེགས་སྐྱེས་དང་། གསར་གཏོད། རྩེ་གྲ་བཅས་ཀྱི་སྙིང་སྟོབས་ཐོག་ནས་པེ་ཅིང་གྲོང་ཁྱེར་དང་ཁྲང་ཕིང་ཆུས་ཀྱིས་ལྷ་སར་ཐུགས་ཁུར་དང་རྒྱབ་སྐྱོར་གང་མང་གནང་བ་དང་བརྩེ་སེམས་ཟབ་མོ་བཅངས་པར་དྲིན་ལན་འཇལ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

        ཧོའུ་ཅུན་ཧྲུའུ་ཡིས་ལོ་མང་རིང་ལྷ་སའི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བོད་སྐྱོར་ལས་བྱེད་པར་ཐུགས་ཁུར་གནང་བ་དང་བརྩེ་སེམས་ཟབ་མོ་བཅངས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཉིན་ཤས་བོད་དུ་སྡོད་རིང་ལྷ་ས་གྲོང་ཁྱེར་གྱི་འཛུགས་སྐྲུན་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་པ་དང་། མི་རིགས་ཁག་གི་མི་དམངས་བདེ་སྡོད་ལས་བརྩོན། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་། མི་དམངས་མང་ཚོགས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་བཅས་མིག་མཐོང་ལག་ཟིན་བྱུང་ལ་གང་སར་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུ་དང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་རྣམ་པ་ཞིག་མཐོང་རྒྱུ་འདུག་པས་སེམས་འགུལ་ཆེན་པོ་ཐེབས་བྱུང་། སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བྱ་ཐབས་ཉན་རྗེས་སེམས་གཏིང་ནས་ཡིད་སྨོན་སྐྱེས་བྱུང་ལ་བློ་སྒོ་ཡང་ཟབ་མོ་ཕྱེ་བྱུང་། ལྷ་ས་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག་ལྷ་ས་གྲོང་ཁྱེར་གྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་བཞིན་གོང་དུ་འཕེལ་བའི་ཡིད་ཆེས་ཡོད་ཅེས་དང་། ཁྲང་ཕིང་ཆུས་ཀྱིས་པེ་ཅིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འགོ་ཁྲིད་འོག་ནུས་ཤུགས་ཡོད་རྒུས་སྔར་རྒྱུན་བཞིན་ཁ་གཏད་བོད་སྐྱོར་ལས་དོན་ལེགས་པོ་སྤེལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།