དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • མི་རིགས་ཁག་གི་མང་ཚོགས་རྣམས་བརྟན་ལྷིང་བདེ་འཇགས་དང་དགའ་སྤྲོ་འཆམ་མཐུན་གྱི་ཁོར་ཡུག་ཁྲོད་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་8ཚེས་19ཉིན་གྱི་མཚན་མོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དང་། རྡོ་སེང་གེ་ལྷོ་ལམ། གཡུ་ཐོག་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སོགས་སུ་འཚམས་འདྲི་གནང་བར་ཕེབས་ཤིང་། འདི་ནི་ཁྲེན་ཆོན་གོས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཤིན་ཅང་ནས་ཡིན་པའི་ཡུལ་སྐོར་བར་བྱམས་བརྩེའི་ངང་བཀའ་མོལ་གནང་བའི་གནས་ཚུལ་ཡིན་པ།

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་19ཉིན་གྱི་མཚན་མོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྷ་ས་གྲོང་ཁྱེར་དུ་འཚམས་འདྲི་གནང་སྐབས་མི་རྩ་བར་འཛིན་པ་དང་། བརྟན་ལྷིང་ཨང་དང་པོར་འཇོག་པ། ཞི་མཐུན་གལ་ཆེ་ཡིན་པ་བཅས་མཐའ་འཁྱོངས་བྱས་ཏེ་ངོས་འཛིན་དང་། འགན་འཁྲི། ལས་དོན། བྱ་ཐབས་བཅས་གནས་འབྱོར་ཐུབ་པ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་རྣམས་བརྟན་ལྷིང་དང་། བདེ་འཇགས། དགའ་སྤྲོ། འཆམ་མཐུན་བཅས་ཀྱི་ཁོར་ཡུག་ཁྲོད་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        དུས་ཆེན་གྱི་ལྷ་ས་ལྷག་པར་ལྟ་ན་སྡུག་ཅིང་མཚན་མོར་ཕོ་བྲང་པོ་ཏ་ལ་དེ་ཉིད་གློག་སྒྲོན་འཕྲོ་བའོ་འོག་སྣུམ་ཚོན་རི་མོ་ལྟར་ངོ་མཚར་ཆེ། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རོལ་དབྱངས་ཀྱི་སྒྲ་ལྷང་ལྷང་དུ་གྲགས་པ་དང་ཡུལ་སྐོར་བ་དང་གྲོང་མི་རྣམས་ཡིད་དབང་འཕྲོག་ནས་ལོག་མི་འདོད་ཅིང་། ཤིན་ཅང་ཧོ་ཐན་ས་ཁུལ་གྱི་ཁྱིམ་ཚང་ཞིག་གི་ནང་མི་བརྒྱད་པོས་མཛེས་ལྗོངས་རོལ་བའི་སྐབས་སུ་ཁྲེན་ཆོན་གོས་ཁོང་ཚོའི་མདུན་དུ་ཕེབས་ནས་ཐུགས་བརྩེ་ཆེན་པོས “ཁྱིམ་དུ་ནང་མི་ཇི་ཙམ་ཡོད་དམ། བོད་ལ་སླེབས་ནས་ཇི་ཙམ་སོང་ངམ། བོད་འདི་ཅི་འདྲ་འདུག་གམ། བདེ་འཇགས་འདུག་གམ ”ཞེས་བཀའ་འདྲི་གནང་། ཁྲེན་ཆོན་གོས་བྱམས་བརྩེ་ཆེན་པོས་བུ་མོ་ཞིག་གི་ངོ་གདོང་ལ་བྱིལ་བྱིལ་གནང་བཞིན་དུ་ཁོང་ཚོ་བོད་དུ་ཡུལ་སྐོར་ལ་ཡོང་བའི་ཚོར་སྣང་བཀའ་འདྲི་གནང་། ཁོང་ཚོས “བོད་ཀྱི་ཡུལ་ལྗོངས་དང་གྲོང་ཁྱེར་ལྷག་པར་མཛེས་པ་དང་བདེ་འཇགས་ཀྱང་ཧ་ཅང་ཡག་པོ་འདུག འདི་གར་ང་ཚོར་བདེ་འཇགས་འདུག་པས་སེམས་ཁྲལ་ཅི་ཡང་མི་འདུག ”ཅེས་ལན་ཕུལ། ཁྲེན་ཆོན་གོས་འཛུམ་དམུལ་དམུལ་ངང “ང་ཚོ་མི་རིགས་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཚེ་བརྟན་ལྷིང་གི་རྣམ་པ་དེ་བས་སྲ་བརྟན་དང་འཚོ་བ་ཇེ་ཡག་ཏུ་འགྲོ་སྲིད། ཁྱེད་ཚོ་ནང་མི་ལྷན་རྒྱས་བདེ་སྐྱིད་ཡོང་བ་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན ”ཞེས་གསུང་བཞིན་དུ་ཁོང་ཚོ་དང་ཞལ་གྱེས།

        ལོ་གཅིག་ཙམ་འཁོར་སྐྱོད་བྱས་པ་བརྒྱུད་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཐོག་གི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དང་རྒྱ་ཆེའི་གྲོང་མི་ཚོའི་ཞབས་ཞུའི་ས་ཚིགས་དང་ཐང་ཆེན་ཐོག་གི་ལྟ་ན་སྡུག་པའི་མཛེས་ལྗོངས་ལྟ་བུ་ཞིག་ཏུ་གྱུར། ཁྲེན་ཆོན་གོ་ཡིས་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཕེབས་སྐབས་ཧོ་པེ་ནས་ཡིན་པའི་གཞོན་ནུ་ཕོ་མོ་གཉིས་ལ་དཀའ་ངལ་འཕྲད་ནས་རོགས་རམ་ཞུ་གི་ཡོད་པ་གཟིགས་ཤིང་། ཁྲེན་ཆོན་གོས་ཕོ་གཞོན་ཧོང་ཅུན་ཡའོ་ཡི་ས་ནས་ཁོང་ཚོའི་དཀའ་ངལ་དང་དགོས་མཁོ་མཁྱེན་རྟོགས་གནང་བ་དང་འབྲེལ་དེ་མུར་ལས་སྒྲུབ་མི་དམངས་ཉེན་རྟོག་པར་ཁོང་གཉིས་ལ་རོགས་རམ་དང་དཀའ་ངལ་སེལ་རོགས་གང་ཐུབ་བྱེད་དགོས་པའི་མཛུབ་སྟོན་ཡང་གནང་། ཁྲེན་ཆོན་གོས་ཧོང་ཅུན་ཡའོ་ཁོང་གཉིས་ལ “དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ནི་ཡུལ་སྐོར་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་མཁན་ཡིན་པས་ཁྱེད་གཉིས་ཀྱི་དཀའ་ངལ་སེལ་རོགས་བྱེད་ངེས་ཡིན་པ་དང་ཁྱེད་གཉིས་བོད་དུ་ཡུལ་སྐོར་ཡག་པོ་ཡོང་བ་བྱ་རྒྱུ་རེད ”ཅེས་གསུངས་པས་གཞོན་ནུ་གཉིས་པོས་ཐུགས་རྗེ་ཆེ་ལན་མང་ཞུས།

        དེ་རྗེས་ཁྲེན་ཆོན་གོ་ཡིས་གཡུ་ཐོག་ལམ་དང་རྡོ་སེང་གེ་ལྷོ་ལམ་གྱི་ཚོང་ཁང་ཁག་ཏུ་ཕེབས་ནས་ཚོང་ཁང་གི་སྦྱིན་བདག་ལ་བྱམས་བརྩེ་ཆེན་པོས་བཀའ་མོལ་གནང་སྟེ་ཚོང་ཟོག་གི་སྣ་ཁ་དང་། རིན་གོང་། ཚོང་ཚད། སྤྱི་ཚོགས་ཀྱི་བདེ་འཇགས་བཅས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་། ཚོང་གཉེར་བྱེད་མཁན་ཚོས་ད་ལྟ་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ཡིན་པས་ཡུལ་སྐོར་བ་ཇེ་མང་དུ་སོང་བ་དང་ལྷག་པར་དུ་ཉེ་བའི་ཟླ་བ་གཉིས་རིང་ཚོང་ཧ་ཅང་ཡག་པོ་འདུག་ཅེས་གཅིག་མཇུག་གཉིས་མཐུད་ངང་ཞུས། རྒྱན་ཆ་ཚོང་ཁང་ཞིག་གི་སྦྱིན་བདག་པིས་ལི་ཡིས་ཁྲེན་ཆོན་གོར་ལོ་ཤས་གོང་དུ་ཚོང་ཁང་གནས་སའི་ཁྲོམ་གཞུང་དུ་མཚན་མོར་རྐུ་རྒྱག་གི་གནས་ཚུལ་ཐོན་གྱི་ཡོད། ན་ནིང་ཚོང་ཁང་གི་སྒོ་འགྲམ་དུ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཙུགས་པས་མཚན་མོར་ཚོང་ཁང་ནང་དུ་ཚོང་ཟོག་བཞག་ཀྱང་སེམས་ཁྲལ་ཡེ་ནས་མེད་པ་དང་གཉིད་ཀྱང་ཡག་པོ་ཁུག་གི་འདུག་ཅེས་ཞུས། ཁྲེན་ཆོན་གོས་འཛུམ་དམུལ་དམུལ་ངང་ཁོང་ལ “དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ནི་མི་དམངས་མང་ཚོགས་ཀྱི ‘སྲུང་ལྷ ’དང་། བདེ་འཇགས་བརྟན་ལྷིང་གི ‘སྲུང་དྲ ’དགྲ་འཛིན་ཕྱོགས་གཏོགས་དང་ཉེས་གསོག་པའི ‘བདུན་ཟུར ’བཅས་རེད། ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་འགྲོ་བ་དང་ཆབས་ཅིག་ང་ཚོའི་བརྟན་ལྷིང་སྲུང་སྐྱོང་གི་རྨང་གཞི་ཡང་དེ་བས་བརྟན་དུ་འགྲོ་བ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ལའང་དེ་བས་བདེ་འཇགས་འགན་ལེན་ཡོང་བ། ཁྱེད་ཀྱི་ཚོང་ཡང་ཇེ་ཡག་ཏུ་འགྲོ་ངེས་རེད ”ཅེས་གསུངས།

        ཁྲེན་ཆོན་གོས་ད་དུང་གཡུ་ཐོག་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཕེབས་ནས་དུས་ཆེན་རིང་ལས་སྒྲུབ་བྱས་ཚུལ་ཞིབ་བཤེར་དང་ལས་སྒྲུབ་བྱེད་མཁན་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ལ་བྱམས་བརྩེའི་ངང་གཟིགས་པ་དང་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད། ཁྲེན་ཆོན་གོས་ཐུགས་བརྩེ་ཆེན་པོས་ཚང་མར “ཉིན་ཤས་རིང་བློ་མཐུན་ཚོས་ལས་གནས་བརྟན་སྲུང་དང་ལས་དུས་འཕར་མ་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་ཧུར་ཐག་དང་རྒྱ་ཆེའི་ཡུལ་སྐོར་བ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུས་པས་ཚང་མ་འོ་བརྒྱལ་སོང ”ཞེས་གསུངས་པ་དང་ཁྲེན་ཆོན་གོས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱེད་པ་དང་རྩ་བ་ཡིན་པའི་བརྟན་ལྷིང་དམ་པོར་བཟུང་ནས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དེ་དེང་སྐབས་དང་ཕྱིན་ཆད་སྐབས་ཤིག་རིང་གི་ལས་འགན་ཨང་དང་པོར་བརྩིས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་སྔར་བས་ལེགས་པ་བྱས་ཏེ་དགྲ་འཛིན་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱིས་བོད་ཀྱི་བརྟན་ལྷིང་ལ་གཏོར་བཤིག་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ལྐོག་གཡོ་ཐལ་བའི་རྡུལ་དུ་བརླག་སྟེ་གནད་དོན་ཆེན་པོ་མི་ཐོན་པ་དང་། གནད་དོན་འབྲིང་བ་མི་ཐོན་པ། གནད་དོན་ཆུང་ངུ་ཡང་མི་ཐོན་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ཏེ་ལྗོངས་ཡོངས་སྒོ་ཀུན་ནས་བརྟན་ལྷིང་དང་། ལོ་ཧྲིལ་པོ་བརྟན་ལྷིང་། རྒྱུན་བསྲིང་བརྟན་ལྷིང་བཅས་འགན་ལེན་བྱས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།