དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཝུའུ་ཧན་རང་བྱུང་ཚན་རྩལ་རིག་པའི་སློབ་ཆེན་གྱི་བོད་སྐྱོད་ལས་དོན་ཚོགས་ཆུང་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་18ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཝུའུ་ཧན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་བོད་སྐྱོད་ལས་དོན་ཚོགས་ཆུང་དང་བཞུགས་མོལ་གནང་ནས་རང་སྐྱོང་ལྗོངས་དང་སློབ་ཆེན་མཉམ་ལས་བྱེད་པའི་འཆར་གཞི་ཆེན་པོར་མཉམ་དུ་གྲོས་མོལ་བྱས་ཏེ 《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཝུའུ་ཧན་རང་བྱུང་ཚན་རྩལ་རིག་པའི་སློབ་ཆེན་མཉམ་ལས་བྱེད་པའི་ཁྱོན་ཡོངས་ནས་སྒྲོམ་གཞིའི་གྲོས་མཐུན 》ལ་མིང་རྟགས་བཀོད་པ་རེད། གྲོས་མཐུན་གྱི་ནང་དོན་ལ་གཞིགས་ན། ཝུའུ་ཧན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱིས་རང་ངོས་ཀྱི་རིག་གཞུང་ཚན་ཁག་གི་དགེ་མཚན་གང་ལེགས་སྤྱད་དེ་བོད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཚན་རྩལ་ཞིབ་འཇུག་གསར་སྤེལ་སོགས་ཐད་ལ་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ཀྱི་སློབ་གསོ་དང་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

        ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་བཞུགས་མོལ་ནང་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་དང་ཝུའུ་ཧན་རང་བྱུང་ཚན་རྩལ་རིག་པའི་སློབ་ཆེན་གྱི་ཞའོ་ཀྲང་ཀྲང་ཆིང་ཅེ་རྣམ་གཉིས་ཀྱིས་རང་སྐྱོང་ལྗོངས་སྲིད་གཞུང་དང་ཝུའུ་ཧན་རང་བྱུང་ཚན་རྩལ་རིག་པའི་སློབ་ཆེན་གྱི་ཚབ་ཞུས་ཏེ་གྲོས་མཐུན་ཐོག་མིང་རྟགས་བཀོད་གནང་བ་རེད། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དྲུང་ཆེ་ཀའོ་དབྱང་གིས་གཙོ་སྐྱོང་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་ཝུའུ་ཧན་རང་བྱུང་ཚན་རྩལ་རིག་པའི་སློབ་ཆེན་ནི་རྒྱལ་ནང་གི་བཟོ་སྐྲུན་རྒྱུ་ཆ་དང་བཟོ་སྐྲུན་ལས་གྲྭ་དང་། འགྲིམ་འགྲུལ། རླངས་འཁོར་བཅས་ལས་རིགས་ཆེན་པོ་གསུམ་ནང་ཤུགས་རྐྱེན་ཆེན་པོ་ལྡན་པའི་ཆུ་ཚད་མཐོ་བའི་གྲགས་ཅན་གྱི་སློབ་ཆེན་ཞིག་ཡིན་པས་སློབ་གླིང་གི་སློབ་ཁྲིད་དང་ཚན་ཞིབ་ཀྱི་དགེ་མཚན་དེ་བོད་དུ་ལག་ལེན་དངོས་བྱེད་པ་དང་བེད་སྤྱོད་བྱེད་ས་ཧ་ཅང་ཆེན་པོ་ལྡན་ཡོད། ད་ཐེངས་རང་སྐྱོང་ལྗོངས་སྲིད་གཞུང་དང་ཝུའུ་ཧན་རང་བྱུང་ཚན་རྩལ་རིག་པའི་སློབ་ཆེན་དབར་ཁྱོན་ཡོངས་ནས་མཉམ་ལས་བྱེད་པའི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས་ཝུའུ་ཧན་རང་བྱུང་ཚན་རྩལ་རིག་པའི་སློབ་ཆེན་གྱི་སློབ་ཁྲིད་དང་ཚན་ཞིབ་ལས་དོན་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དབར་གྱི་འབྲེལ་བར་ཤུགས་སྣོན་ནུས་ལྡན་ཐེབས་ངེས་རེད་ལ་བོད་ཀྱི་མཐོ་རིམ་སློབ་གསོ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། ཚན་རིག་གསར་གཏོད་དང་བེད་སྤྱོད་བཅས་འཕེལ་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་བཏང་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ངེས་རེད་ཅེས་གསུངས་པ་རེད། ཁོང་གིས་ཝུའུ་ཧན་རང་བྱུང་ཚན་རྩལ་རིག་པའི་སློབ་ཆེན་གྱིས་སྔར་བཞིན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་སློབ་གྲྭའི་སློབ་གཉེར་གྱི་ཁ་ཕྱོགས་དང་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་དངོས་ཡོད་དགོས་མཁོར་གཞི་ཚུགས་ནས་མཉམ་ལས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མཉམ་ལས་ཀྱི་རྣམ་གྲངས་ཡག་པོ་སྒྲུབ་པ། མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པ་བྱས་ཁར་རྒྱལ་ནང་གི་གྲགས་ཅན་མཐོ་སློབ་དང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དབར་སྤེལ་རེས་གཞོགས་འདེགས་དང་། ཕན་ཚུན་སྐུལ་འདེད། ཐུན་མོང་འཕེལ་རྒྱས་བཅས་བྱེད་པའི་རྣམ་པ་གསར་པ་ཞིག་ཧུར་ཐག་གཏོད་དེ་སློབ་གསོའི་བོད་སྐྱོར་གྱི་ལས་ཀའི་ལེའུ་གསར་པ་རྩོམ་རྒྱུའི་ཐུགས་རེ་གནང་བ་རེད།

        ཀྲང་ཆིང་ཅེ་ཡིས་བོད་ཀྱི་སློབ་གསོ་དང་ཚན་རྩལ་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ཕུལ་བྱུང་ལ་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད། ཁོང་གིས་ཝུའུ་ཧན་རང་བྱུང་ཚན་རྩལ་རིག་པའི་སློབ་ཆེན་གྱིས་བོད་རང་སྐྱོང་ལྗོངས་དབར་ཤེས་ལྡན་མི་སྣ་དང་ཚན་རྩལ་སོགས་ཀྱི་ཐད་ལ་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཝུའུ་ཧན་རང་བྱུང་ཚན་རྩལ་རིག་པའི་སློབ་ཆེན་གྱི་རིག་གཞུང་ཚན་ཁག་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་དེ་བས་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་གྲོས་མཐུན་གྱི་ནང་དོན་སྒོ་ཀུན་ནས་དོན་འཁྱོལ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།

        བཞུགས་མོལ་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་ཝུའུ་ཧན་རང་བྱུང་ཚལ་རྩལ་རིག་པའི་སློབ་ཆེན་དབར་ཁྱོན་ཡོངས་ནས་མཉམ་ལས་བྱེད་པའི་སྒྲོམ་གཞིའི་གྲོས་མཐུན་འོག 《བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་ཝུའུ་ཧན་རང་བྱུང་ཚན་རྩལ་རིག་པའི་སློབ་ཆེན་གྱིས་བོད་ཀྱི་རིག་གནས་ཚན་རྩལ་གསར་གཏོད་ཞིབ་འཇུག་ཁང་མཉམ་དུ་འཛུགས་རྒྱུའི་མཉམ་ལས་གྲོས་མཐུན 》ལ་མིང་རྟགས་བཀོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།