དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་ཀྲུང་གོ་ཚན་རིག་ཁང་བོད་སྐྱོད་རྟོག་ཞིབ་ཚོགས་ཆུང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་16ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་སྲིད་གཞུང་དང་ཀྲུང་གོ་ཚན་རིག་ཁང་བོད་སྐྱོད་རྟོག་ཞིབ་ཚོགས་ཆུང་གིས་ཚན་རྩལ་མཉམ་ལས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་དང་ཀྲུང་གོ་ཚན་རིག་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་ཡོའན་ཀྲང་པའེ་ཁྲུན་ལི་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

        རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་ཀྲུང་གོ་བཟོ་འགོད་སློབ་གླིང་གི་ཡོའན་ཧྲི་རྡོ་རྗེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཏེ་ལི། ཀྲུང་གོ་ཚན་རིག་སློབ་གླིང་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་གི་སུའོ་ཀྲང་ཡོའན་ཧྲི་ཡའོ་ཐེན་ཏུང་། ཀྲུང་གོ་ཚན་རིག་ཁང་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཏེང་མའེ་ཚུན་བཅས་ཕེབས་ཡོད་པ་རེད། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་གསུང་བཤད་གནང་སྐབས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་པ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་ཀྲུང་གོ་ཚན་རིག་ཁང་བོད་སྐྱོད་རྟོག་ཞིབ་ཚོགས་ཆུང་དང་བཅས་པ་རང་ལྗོངས་སུ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་ཕེབས་པར་དགའ་བསུ་ཞུས་པ་དང་ཀྲུང་གོ་ཚན་རིག་ཁང་གིས་ཡུན་རིང་ནང་རང་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཚན་རྩལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས “ཚན་རྩལ་བོད་དར ”དང “ཤེས་ལྡན་པ་སྟོབས་ཆེན་ཁུལ ”གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས “ནང་འདྲེན་དང་གསར་གཏོད་ཟུང་འབྲེལ་བྱེད་པ་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ། འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ ”བཅས་ཀྱི་ཚན་རྩལ་ལས་དོན་གྱི་བྱེད་ཕྱོགས་བཏོན་ཡོད། 2003ལོར་རང་སྐྱོང་ལྗོངས་དང་ཀྲུང་གོ་ཚན་རིག་ཁང་གིས་ཚན་རྩལ་མཉམ་ལས་བྱས་ཚུན་རྒྱལ་ཡོངས་ཀྱི་ཚན་རྩལ་བོད་སྐྱོར་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་། ཁྱད་ལྡན་ཐོན་ལས་ཀྱི་ཚན་རྩལ་འགག་སྒྲོལ་དང་ཚན་རྩལ་གསར་གཏོད་མ་ལག་དང་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་དང་འབྲེལ་བ་དམ་ཟབ་ཡོད་པའི་ཚན་རྩལ་རྣམ་གྲངས་ཁག་གཅིག་བདེ་བླག་ངང་ལག་བསྟར་བྱས་པ་བཅས་ལ་བརྟེན། ཚན་རྩལ་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་གསུངས་པ་རེད།

        པད་མ་འཕྲིན་ལས་ཀྱིས་ལྗོངས་ཚན་རིག་ཁང་དང་ཀྲུང་གོ་ཚན་རིག་ཁང་གི་ཚན་རྩལ་མཉམ་ལས་ནི་ཀྲུང་གོ་ཚན་རིག་ཁང་གིས་ས་གནས་དང་མཉམ་འགུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་དང་ཤེས་ལྡན་པའི་ལེགས་ཆ་བསྡུ་སྒྲིལ་བྱེད་པ། རྒྱལ་ཁབ་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་སྤྱིའི་འཐབ་ཇུས་དམིགས་ཚད་དང་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མཉམ་འདྲེས་བྱས་པའི་འདེགས་སྐྱོར་ནུས་ལྡན་ཞིག་ཡིན་ལ་རང་སྐྱོང་ལྗོངས་དང་ཀྲུང་གོ་ཚན་རིག་ཁང་གིས་ཐུན་མོང་ཐོག་ཀྲུང་དབྱང་གི་བོད་སྐྱོར་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱས་ནས་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱི་ཚན་རྩལ་བྱ་གཞག་དང་ཐ་ན་དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཀྱང་རེད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པས་བོད་ཀྱི་མཆོང་སྐྱོང་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འཐབ་ཇུས་བཀོད་སྒྲིག་གསར་པ་བྱས་ཡོད། ལྷག་པར་དུ་ཚན་རྩལ་བོད་སྐྱོར་དེ་དཔལ་འབྱོར་བོད་སྐྱོར་དང་། ཤེས་ལྡན་པའི་བོད་སྐྱོར། ལས་བྱེད་པའི་བོད་སྐྱོར་བཅས་ཚུད་པའི་བོད་སྐྱོར་ལས་དོན་ལམ་སྲོལ་ཆེ་གྲས་བཞིའི་གྲས་སུ་དངོས་སུ་བཅུག་པས་བོད་ཀྱི་ཚན་རྩལ་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད་ལས་དོན་ལ་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་གོ་སྐབས་ཤིག་བྱུང་ཡོད། ཀྲུང་གོ་ཚན་རིག་ཁང་གིས་སྔར་རྒྱུན་བཞིན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཚན་རྩལ་བྱ་གཞག་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་ནས་མཉམ་ལས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། མཉམ་ལས་ཀྱི་རྣམ་པ་གསར་གཏོད་བྱེད་པ། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། མཉམ་ལས་ནང་དོན་རྒྱ་ཆེར་གཏོང་བ། མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཐུན་མོང་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཞིག་ཧུར་ཐག་གཏོད་དེ་ཚན་རྩལ་བོད་སྐྱོར་ལས་དོན་གྱི་ལེའུ་གསར་པ་ཞིག་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        པའེ་ཁྲུན་ལིས་བོད་ཀྱིས་ཡུན་རིང་ནང་ཀྲུང་གོ་ཚན་རིག་ཁང་གིས་བོད་དུ་ལས་དོན་སྤེལ་སྐབས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་གོ་ཚན་རིག་ཁང་གིས་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཚོགས་ཆེན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བོད་ཀྱི་ཁྱད་ལྡན་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུར་དམིགས་པ་དང་། བོད་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་དང་ཟུང་འབྲེལ་བྱེད་པ། བོད་དང་ཁྱབ་ཁོངས་མང་པོ་དང་རིམ་པ་མང་པོའི་ནང་མཉམ་ལས་བྱས་ནས་རིམ་པ་མཐོ་བ་དང་ཉེར་སྤྱོད་ཚན་རྩལ་ཤེས་ལྡན་པ་གསོ་སྦྱོང་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་སྒྲིག་གཞི་དང་ལམ་སྲོལ་གསར་གཏོད་བྱེད་པ་དང་། བོད་ཀྱི་གཙོ་གནད་ཚན་རྩལ་རྣམ་གྲངས་ལ་ཞབས་འདེགས་ཞུ་བ། མཉམ་ལས་གཉིས་ཕན་གྱི་བྱེད་སྟངས་དང་ཐབས་ལམ་འཚོལ་ཞིབ་བཅས་བྱས་ཐོག་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་གྱི་བློ་འདོན་ཚོགས་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་བོད་ལྗོངས་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་ཆེད་འདེགས་སྐྱོར་བྱེད་པ་དང་བོད་ཀྱི་ཚན་རྩལ་རྒྱུན་མཐུད་འཕེལ་རྒྱས་ཡོང་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།