དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོས་ཞོ་སྟོན་གྱི་ཉིན་དང་པོར་ལྷ་སའི་བདེ་འཇཌ་སྲུང་སྐྱོང་དང་ཡུལ་སྐོར་སོགས་ཀྱི་ལས་དོན་ལ་སྐོར་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཞོ་སྟོན་གྱི་ཉིན་དང་པོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་གཙུག་ལག་ཁང་དུ་ཕེབས་ནས་ལས་གནས་བརྟན་སྲུང་བྱེད་མཁན་ལས་བྱེད་པ་དང་མང་ཚོགས་དང་། སྤྱི་བདེ་མི་དམངས་ཉེན་རྟོག་པ། དྲག་ཆས་ཉེན་རྟོག་དཔོན་དམག་བཅས་ལ་འཚམས་འདྲི་གནང་བ་དང་འབྲེལ་བོད་དུ་ཡུལ་སྐོར་བྱེད་མཁན་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བར་གཟིགས་པ།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་དུས་ཆེན་རིང་ལྷ་སའི་བདེ་འཇགས་སྲུང་སྐྱོང་དང་ཡུལ་སྐོར་ལས་དོན་ཐད་དོ་ཁུར་ཆེན་པོ་གནང་སྟེ་ཞོ་སྟོན་གྱི་ཉིན་དང་པོར་གཙུག་ལག་ཁང་དུ་ལས་གནས་བརྟན་སྲུང་བྱེད་མཁན་ལས་བྱེད་པ་དང་མང་ཚོགས་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པ། དྲག་ཆས་ཉེན་རྟོག་གི་དཔོན་དམག་ལ་འཚམས་འདྲི་ཞུས་གནང་བ་དང་བོད་དུ་ཡུལ་སྐོར་དུ་ཡོང་མཁན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་གཟིགས་པར་ཕེབས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཚང་མར་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ་རེད།

        གཙུག་ལག་ཁང་ཐང་ཆེན་གྱི་འཛུལ་སྒོར་ཁྲེན་ཆོན་གོས་རང་འགུལ་ངང་བདེ་འཇགས་ཞིབ་བཤེར་དང་ལེན་གནང་བ་དང་འབྲེལ་ལས་སྒྲུབ་མི་སྣར “ངས་ད་ལྟ་བོད་རིགས་ཀྱི་རྒན་མོ་ཞིག་ལ་ཐོབ་ཐང་ལག་ཁྱེར་འཁྱེར་མེད་ཀྱང་བདེ་འཇགས་ཞིབ་བཤེར་གྱི་སྒོ་ནས་བཏང་བ་མཐོང་བྱུང་། དེའི་རྒྱུ་མཚན་ཅི་ཡིན ”ཞེས་བཀའ་འདྲི་གནང་བར་ལས་སྒྲུབ་མི་སྣས “ཨ་མ་རྒས་མོ་དེ་ལྷ་ས་ནས་ཡིན་པ་དང་རྟག་ཏུ་བར་སྐོར་ནང་ཡོང་གི་ཡོད། ལོ་ན་ཆེ་བའི་རྐྱེན་གྱིས་ཐོབ་ཐང་ལག་ཁྱེར་འཁྱེར་རྒྱུ་བརྗེད་འདུག་འོན་ཀྱང་ང་ཚོས་ཐོབ་ཐང་གི་ཆ་འཕྲིན་ལ་ཞིབ་བསྡུར་ཞིབ་ཕྲ་བྱས་པ་མ་ཟད་བདེ་འཇགས་ཞིབ་བཤེར་ནན་པོ་བྱས་ཡོད ”ཅེས་ཞུས། ཁྲེན་ཆོན་གོས་འཛུམ་དམུལ་དམུལ་ངང་ཁོང་ཚོའི་ལས་ཀར་ཁས་ལེན་གནང་བཞིན་དུ “ཁྱེད་ཚོས་རྩ་དོན་མཐའ་འཁྱོངས་བྱེད་པའི་གནས་ཚུལ་འོག་གནས་ཚུལ་སྣ་ཚོགས་བབ་བསྟུན་ངང་ཐག་གཅོད་བྱེད་སྟངས་དེ་ཧ་ཅང་ཡག་པོ་འདུག ང་ཚོས་བདེ་འཇགས་ཞིབ་བཤེར་བྱེད་པ་དེ་ནི་མང་ཚོགས་ལ་སྟབས་བདེ་གང་ལེགས་སྤྲོད་པ་དང་ཁ་ཕྲལ་པ་དང་དགྲ་ཡའི་ཕྱོགས་གཏོགས་ལ་རྡུང་རྡེག་ནན་པོ་གཏོང་ཆེད་རེད། མི་རྩ་བར་འཛིན་པ་དང་། ཁྲིམས་འཛིན་ནན་པོ་བྱེད་པ། ཞབས་འདེགས་ཡག་པོ་ཞུ་བ། གཟུགས་བཪྙན་ཡག་པོ་གཏོད་པ་བཅས་ངེས་པར་དུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་དང་ཡུལ་སྐོར་བར་སྟབས་བདེ་གང་ལེགས་སྐྲུན་དགོས་ལ་བདེ་འཇགས་ཀྱང་རྦད་དེ་འགན་ལེན་བྱེད་དགོས ”ཞེས་གསུངས་པ་རེད།

        ཐང་ཆེན་དང་གཙུག་ལག་ཁང་དུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད་པ་དང་ཁྲེན་ཆོན་གོས་ཕེབས་གིན་དུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་ཕྱག་གཡུག་གཡུག་གནང་ནས་ཁོང་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་ཚོགས་པ་བཙུགས་ནས་ཡུལ་སྐོར་དུ་ཡོང་བའི་ཡུལ་སྐོར་བར་གཟིགས་སྐབས་ཁྲེན་ཆོན་གོས་ཚང་མར་ཕྱག་གཡུག་གཡུག་གནང་སྟེ་དུས་ཆེན་གྱི་འཚམས་འདྲི་ཞུས་གནང་ཞིང་། ཡུལ་སྐོར་དུ་ཡོང་བའི་ནང་མི་གསུམ་གཟིགས་སྐབས་ཁྲེན་ཆོན་གོས “བོད་ཀྱི་ཡུལ་ལྗོངས་མཛེས་པོ་འདུག་གམ། ཁྱེད་ཚོས་བལྟས་ན་བདེ་འཇགས་ཀྱི་གནས་ཚུལ་གང་འདྲ་འདུག་གམ ”ཞེས་ཁོང་ཚོ་བོད་དུ་ཡུལ་སྐོར་ལ་ཡོང་བའི་མྱོང་ཚོར་སྐོར་བཀའ་འདྲི་གནང་བ་རེད། བཀའ་མོལ་གནང་རིམ་བཞིན་དུ་ཁྲེན་ཆོན་གོས་ཐུགས་བརྩེ་ཟབ་མོའི་ངང་དེའི་སྐོར་བཀའ་འདྲི་གནང་གི་ཡོད་པ་དང་ཡུལ་སྐོར་བ་ཚོས་བོད་ཀྱི་བདེ་འཇགས་ཁོར་ཡུག་ཧ་ཅང་ཡག་པོ་འདུག་པས་བོད་དུ་ཡུལ་སྐོར་བྱེད་སྐབས་བློ་བདེ་པོ་དང་སྣང་བ་སྐྱིད་པོ་འདུག ཧ་ཅང་ཡག་པོ་འདུག་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

        བར་སྐོར་ཁྲོམ་གཞུང་དུ་ཚོང་ཁང་མང་ལ་ཚོང་ཟོག་ཕུན་སུམ་ཚོགས་པོ་དང་མིའང་ཧ་ཅང་མང་པོ་ཡོད། ཚོང་ཁང་རེ་རེ་བཞིན་དུ་ཕེབས་སྐབས་ཁྲེན་ཆོན་གོས་ཚོང་ཁང་གི་སྦྱིན་བདག་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ཚོང་ཟོག་དང་རིན་གོང་སྐོར་བཀའ་འདྲི་གནང་བ་དང་ཡོང་འབབ་དང་བདེ་འཇགས་སྐོར་གླེང་མོལ་གནང་ཞིང་། ནོར་བུ་དང་མུ་ཏིག་འཚོང་མཁན་ཚོང་ཁང་ཞིག་ནང་ཁྲེན་ཆོན་གོས་སྦྱིན་བདག་ཀུན་དགའ་ལ་ཚོང་ཟོག་སྣ་ཚོགས་ཀྱི་རིན་གོང་དང་། ཐོན་ཡུལ། གཉེར་སྐྱོང་བྱེད་ཚུལ་བཅས་སྐོར་བཀའ་འདྲི་གནང་བ་དང་ཀུན་དགས་ད་ལྟ་ནི་ཡུལ་སྐོར་བ་མང་བའི་དུས་ཡིན་ལ་ད་ལོར་ཡུལ་སྐོར་བའང་ཧ་ཅང་མང་བས་ཚོང་ཡག་པོ་འདུག་ཅེས་ཞུས། ཁྲེན་ཆོན་གོས་བྱམས་བརྩེའི་ངང “ད་ལྟའི་བདེ་འཇགས་གནས་ཚུལ་གང་འདྲ་འདུག་གམ ”ཞེས་བཀའ་འདྲི་གནང་བར་ཀུན་དགས “ཧ་ཅང་ཡག་པོ་འདུག དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཚོང་ཁང་གི་ཉེ་འགྲམ་དུ་ཡོད་པས་ངའི་ཚོང་ཟོག་དེ་སྔོན་ལྟར་ཚོང་ཁང་སྒོ་རྒྱག་སྐབས་ཁྱིམ་དུ་འཁྱེར་མི་དགོས་པར་དེ་གར་བཞག་ན་འགྲིག་གི་འདུག དངོས་གནས་སྟབས་བདེ་ལ་ཉེན་ཁའང་མི་འདུག ”ཅེས་དགའ་སྤྲོའི་ངང་ཞུས། ཁྲེན་ཆོན་གོས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་བྱུང་ན་ཡུལ་སྐོར་བ་ལོ་རེ་བཞིན་མང་དུ་འགྲོ་ངེས་རེད་ལ་ཁྱེད་ཀྱི་ཚོང་ཡང་ཡག་ཏུ་འགྲོ་ངེས་རེད། ཁྱེད་ཞོ་སྟོན་སྤྲོ་པོ་དང་ཚོང་ཡག་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཁྲེན་ཆོན་གོས་ད་དུང་གཙུག་ལག་ཁང་ཐང་ཆེན་གྱི་ཉེ་འགྲམ་དུ་ཡོད་པའི་སྨན་རྩིས་ཁང་ལམ་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཕེབས་ཏེ་དུས་ཆེན་རིང་གི་ལས་སྒྲུབ་ལས་གྲབས་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་ལས་རེས་བྱེད་མཁན་ལས་བྱེད་པ་དང་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་གི་དཔོན་དམག་ལ་བྱམས་བརྩེའི་ངང་འཚམས་འདྲི་ཞུས་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཁོང་ཚོ་དང་ལྗོངས་ཡོངས་ཀྱི་དཀའ་སྤྱད་ངང་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོར་ལས་ཀ་བྱེད་བཞིན་ཡོད་པའི་ལས་བྱེད་ལས་བཟོ་དང་། སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པ། བཅིངས་འགྲོལ་དམག་གི་དཔོན་དམག དྲག་ཆས་ཉེན་རྟོག་དང་སྤྱི་བདེའི་ད་སྐུལ་དཔུང་སྡེ་བཅས་ལ་བྱམས་བརྩེའི་ངང་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་རེད། ཁོང་གིས་ཚང་མས་ལས་གནས་བརྟན་སྲུང་དང་རང་འགན་ལེགས་སྒྲུབ་ཀྱིས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཞི་མཐུན་དང་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་བྱེད་དགོས་པ་དང་མི་རིགས་ཁག་གི་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་བར་ཞབས་འདེགས་ལེགས་པར་ཞུས་ནས་མི་དམངས་མང་ཚོགས་རྣམས་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ཁྲེན་ཆོན་གོས་ཞོ་སྟོན་ནི་བོད་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ལ་བོད་འདི་ཉིད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་གཏོང་བཅས་མཚོན་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་དང་ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་ཞིབ་ཅིང་ཕྲ་བའི་ངང་ལས་དོན་ཁག་ཏན་ཏིག་བསྒྲུབས་ནས་ཞོ་སྟོན་བདེ་བླག་དང་བདེ་འཇགས་ཞི་མཐུན་ཡོང་རྒྱུའི་འགན་ལེན་བྱེད་དགོས། གྲ་སྒྲིག་ཨང་བསར་གྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་དེང་སྐབས་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་བརྟན་ལྷིང་སྲུང་སྐྱོང་གི་འཕྲལ་སྒྲུབ་སྟོབས་ཤུགས་གྲ་སྒྲིག་ཡག་པོ་བྱས་ཏེ་ཐོལ་བྱུང་གནས་ཚུལ་ཐོན་སྐབས་འཕྲལ་དུ་ཤེས་རྟོགས་དང་འཕྲལ་དུ་ཐག་གཅོད་ཐུབ་པ་བྱས་ནས་ཐོན་མ་ཐག་ཏུ་ཛར་ཛོར་མེད་པར་ཐག་གཅོད་བྱེད་ཐུབ་པའི་འགན་ལེན་བྱེད་དགོས། བྱ་ཐབས་ཞིབ་ཕྲ་བཟོ་བ་དང་། མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། ལས་དོན་གྱི་སྔོན་ཇུས་ཞིབ་ཕྲ་རུ་གཏོང་བ་བཅས་བྱས་ཏེ་ལས་དོན་ཁག་ཞིབ་ཕྲ་ཡོང་བ་དང་། དངོས་སྒྲུབ་ཐུབ་པ། ཡག་པོ་སྒྲུབ་ཐུབ་པ་བཅས་ཀྱི་ཐོག་ནས་ཁུག་མ་ལུས་པ་དང་། གསང་མ་ལུས་པ། སྟོང་ཆ་མ་ལུས་པ་བཅས་ཀྱི་འགན་ལེན་བྱེད་དགོས། འགན་འཁྲི་དོན་འཁྱོལ་བྱེད་པ་དང་ལས་དོན་ཁག་གི་འགན་འཁྲིའི་ལམ་ལུགས་དང་འགན་འཁྲི་རྩད་གཅོད་ལམ་ལུགས་སྔར་བས་དོན་འཁྱོལ་བྱས་ནས་མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མའི་སེམས་ནང་བརྟན་ལྷིང་འཇོག་པ། མི་ཚང་མས་བརྟན་ལྷིང་ཡོང་ཕྱིར་ལེགས་སྐྱེས་འབུལ་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།