མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཟླ་8ཚེས་14ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལེའང་ཐེན་ཀེན་གྱིས་རྒྱལ་ཁབ་ཞིང་ལས་པུའི་འཕེལ་རྒྱས་འཆར་འགོད་སིའི་སི་ཀྲང་ཆན་ཁེ་མིན་དང་བཅས་པ་དང་ལྷན་དུ་པ་སྣམ་རྫོང་གི་ནས་ཐོན་མཐོའི་དཔེ་སྟོན་ཁུལ་དང་། སྔོ་ཚལ་ཚན་རྩལ་ལག་རྩལ་དཔེ་སྟོན་ཁུལ། ཞིང་འཕྲུལ་ཀུང་སི་བཅས་ལ་ཕེབས་ནས་དེང་རབས་ཞིང་ལས་དར་སྤེལ་གཏོང་རྒྱུའི་ཐད་བརྟག་ཞིབ་གནང་ཞིང་། དེ་རྗེས་རྒྱལ་རྩེ་རྫོང་རྒྱལ་རྩེ་གྲོང་རྡལ་ཤར་འདབས་གྲོང་ཚོ་དང་། རྫོང་ལས་བྱེད་པ་རྒན་གྲས་བྱེད་སྒོ་ལྟེ་གནས། རྒྱལ་རྩེ་གྲོང་རྡལ་ལྕགས་རི་རྒྱབ་གྲོང་ལྷན་བདེ་སྡོད་ལས་གྲྭའི་ཚོད་ལྟ་ཁུལ་བཅས་ལ་ཕེབས་ནས་དེ་གའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་། འཕེལ་རྒྱས་བརྟན་ལྷིང་། དམངས་འཚོ་འགན་ལེན། བོད་སྐྱོར་ལས་ཀ་བྱས་ཚུལ་སོགས་ལ་རྟོག་ཞིབ་གནང་བ་མ་ཟད། བོད་སྐྱོར་ལས་བྱེད་པ་དང་། གཞི་རིམ་ལས་བྱེད་དང་མང་ཚོགས། སློབ་ཆེན་ཐོན་པའི་གྲོང་དཔོན་བཅས་ལ་འཚམས་འདྲིའང་གནང་བ་རེད།
གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་སོགས་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།