ཟླ་8ཚེས་14ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་ཀྱིས་གཞིས་རྩེ་ས་ཁུལ་དུ་ཕེབས་ནས་ཏང་ཕྱིའི་རྒྱལ་གཅེས་མི་སྣ་ས་ལུང་ཕུན་ལགས་དང་། ལྕགས་དགའ་བློ་བཟང་དམ་ཆོས། ནུབ་སྡིངས་འཇམ་དབྱངས། རྒྱལ་རྩེ་སྙན་གྲགས། སྤེལ་ལུང་པད་མ་བསྟན་འཛིན་འདས་པོའི་བཟའ་ཟླ་བཅས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་འགྱུར་མེད་འཚམས་འདྲི་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།
བཀྲས་ལྷུན་དགོན་དུ་ཡོད་པའི་ས་ལུང་ཕུན་ལགས་དང་། ནུབ་སྡིངས་འཇམ་དབྱངས། རྒྱལ་རྩེ་སྙན་གྲགས་སོགས་ཏང་ཕྱིའི་རྒྱལ་གཅེས་མི་སྣའི་གྲྭ་ཤག་ཏུ་ཕེབས་ཏེ་མགོན་པོ་བཀྲ་ཤིས་ཀྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཁྲེན་ཆོན་གོ ཀྲུའུ་ཞི་པད་མ་འཕྲིན་ལས་བཅས་ཀྱི་ཚབ་ཞུས་ནས་དཀར་གཙང་ཁ་བཏགས་བསྒྲོན་ནས་སྨོན་འདུན་བཟང་པོ་ཞུས་གནང་བ་རེད། མགོན་པོ་བཀྲ་ཤིས་ཀྱིས་ཁྱེད་ཚོས་དུས་སྐབས་ཁག་ཏུ “རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན ”ཉམས་ལེན་གནང་བ་དང་ཆབས་ཅིག་རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་བཀྲས་ལྷུན་དགོན་དང་གཞིས་རྩེ་ས་ཁུལ་དར་རྒྱས་གོང་འཕེལ་དང་ཞི་མཐུན་བརྟན་ལྷིང་ཡོང་ཕྱིར་ལེགས་སྐྱེས་ཧུར་ཐག་ཕུལ་བ་དེ་ཏང་དང་མི་དམངས་ཀྱིས་བརྗེད་མི་སྲིད་ཅེས་གསུངས་པ་རེད། མཇུག་ཏུ་ཁོང་གིས་ཁྱེད་ཚོས་བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་རིམ་བྱོན་གྱིས་བཞག་གནང་བའི “རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་ཡར་གཏོད། ཞི་བདེར་རེ་སྨོན ”བཅས་ཀྱི་སྲོལ་རྒྱུན་བཟང་པོའི་སྣེ་འཁྲིད་ནས་དར་སྤེལ་གཏོང་བ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པ་བྱ་རྒྱུར་རང་འགུལ་ངང་སྐུལ་འདེད་གཏོང་བ། ཡང་འབད་བསྐྱར་འབད་ཀྱིས་རྒྱ་ཆེའི་གྲྭ་དམངས་ལ་རྒྱལ་གཅེས་ཁྲིམས་སྲུང་དང་ཆོས་གཅེས་སྡོམ་སྲུང་བྱ་རྒྱུའི་ཁྲིད་སྟོན་བཅས་བྱས་ནས་སྤྱི་ཚོགས་ཞི་མཐུན་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་མུ་མཐུད་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
མགོན་པོ་བཀྲ་ཤིས་ཀྱིས་ད་དུང་ཏང་ཕྱིའི་རྒྱལ་གཅེས་མི་སྣ་ལྕགས་དགའ་བློ་བཟང་དམ་ཆོས་དང་སྤེལ་ལུང་པད་མ་བསྟན་འཛིན་འདས་པོའི་བཟའ་ཟླ་ལ་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད། ལྕགས་དགའ་བློ་བཟང་བསྟན་འཛིན་སོགས་ཀྱིས་ཏང་དང་མི་དམངས་ཀྱིས་ཡིད་ཆེས་དང་ལྕག་སྐུལ་གནང་བ་དེ་སྒུལ་ཤུགས་སུ་བསྒྱུར་ཏེ་བོད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རིང་ཏང་ཕྱིའི་རྒྱལ་གཅེས་མི་སྣའི་ནུས་པ་འདོན་སྤེལ་ཧུར་ཐག་བྱ་རྒྱུའི་རྟགས་མཚན་བསྟན་པ་རེད།