དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • གཞི་ཁྱོན་ཅན་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་རྣམ་པ་ཧུར་ཐག་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཟླ་8ཚེས་14ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུ་རྡོ་ཐ་དང་ཁམ་བུའི་དཔེ་སྟོན་འདེབས་འཛུགས་རྟེན་གཞིར་གཟིགས་ཞིབ་གནང་བར་ཕེབས་པ་རེད། གཟིགས་ཞིབ་གནང་སྐབས་ཆེ་དགྲ་ལྷས་ཆུ་ཤུར་རྫོང་གིས “གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག ”གི་ཁྱད་ལྡན་ཐོན་ལས་རྣམ་གྲངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གཞི་ཁྱོན་ཅན་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་རྣམ་པ་ཧུར་ཐག་ཆགས་པ་བྱས་ནས་ཞིང་ལས་ཐོན་ལས་ཅན་གྱི་ལམ་བུའི་ཐོག་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་ཐུབ་རྒྱུའི་བརྩོན་ལེན་བྱེད་པ་དང་བོད་ཀྱི་ཞིང་ལས་དེང་རབས་ཅན་དུ་འཕེལ་རྒྱས་གཏོང་བའི་ལམ་བུ་འཚོལ་ཞིབ་བྱེད་པ་དང་ཉམས་མྱོང་གསོག་འཇོག་བྱེད་པའི་འགན་འཁྲི་ལྕི་པོ་ཏན་ཏིག་ངང་འཁུར་ནས་ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་སའི་གནས་ཨང་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ཆེ་དགྲ་ལྷ་དང་བཅས་པས་སྔོན་ལ་རྡོ་ཐའི་དཔེ་སྟོན་འདེབས་འཛུགས་རྟེན་གཞིར་གཟིགས་ཞིབ་གནང་བར་ཕེབས་པ་དང་འབྲེལ་གནས་ཚུལ་གྱི་སྙན་ཞུ་ཞིབ་ཕྲའི་ངང་གསན་ཏེ་རྡོ་ཐའི་རྟེན་གཞིའི་ཞིང་ཁ་དོ་དམ་དང་ནད་དང་འབུའི་གནོད་པ་འགོག་བཅོས་སོགས་ཀྱི་ལས་དོན་སྤེལ་ཚུལ་ཁྱོན་ཡོངས་ནས་མཁྱེན་རྟོགས་གནང་བ་རེད། རྡོ་ཐའི་རྟེན་གཞི་དོ་དམ་འཐུས་ཚང་ཡོད་པ་དང་། རྡོ་ཐ་སྐྱེ་ཚུལ་ལེགས་པ། སྨིན་པའི་རྡོ་ཐ་ཁག་དང་པོ་དེ་འཐུ་འགོ་ཚུགས་ཟིན་པ་བཅས་མཁྱེན་རྗེས་ཆེ་དགྲ་ལྷ་ཧ་ཅང་དགའ་པོ་བྱུང་བ་རེད། ཁོང་གིས་ལྷ་སའི་ས་བབ་མཐོ་བ་དང་། ཉི་འོད་ཕོག་མང་བ། ཉིན་མཚན་དབར་གྱི་དྲོད་ཚད་ཧེ་བག་ཆེ་བ། ཁ་རླུང་ལེགས་པ་བཅས་ཡོད་པས་རྡོ་ཐ་སྐྱེད་སྲིང་བྱ་རྒྱུར་ཕན་པ་ཆེན་པོ་ཡོད་པ་དང་མིག་སྔའི་གནས་ཚུལ་ལ་བལྟས་ན་ཚོད་འདེབས་བྱས་ནས་གྲུབ་འབྲས་རགས་ཙམ་ཐོན་འདུག་ཅེས་གསུངས་པ་རེད། ཁོང་གིས་འབྲེལ་ཡོད་སྡེ་ཚན་ཁག་གིས “ཐོན་ལས་དང་པོ་མཐོར་གཏོང ”གི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་དམིགས་པ་དང་དེང་རབས་ཅན་གྱི་ཐོན་ལས་འཕེལ་རྒྱས་སྐྱེ་བསྲིང་བྱེད་པའི་ཟུར་ཚད་ནས་འགོ་བཙུགས་ཏེ་ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གཞི་ཁྱོན་ཅན་དང་ཐོན་ལས་ཅན་གྱི་རྡོ་ཐ་འདེབས་འཛུགས་ཧུར་ཐག་ཆགས་པ་བྱེད་པ་དང་། སྤུས་ཚད་ལེགས་པ་དང་སྦགས་བཙོག་མེད་པའི་རྡོ་ཐ་གཙང་མ་འདེབས་འཛུགས་བྱེད་པ། ལྷ་སའི་སྐྱེ་ལྡན་རྡོ་ཐའི་སྤུས་རྟགས་གཏོད་པ་བཅས་བྱས་ནས་ཞིང་འབྲོག་པར་འབབ་འཕར་ཡོང་བ་དང་ས་གནས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        རྗེས་སུ་ཆེ་དགྲ་ལྷ་དང་བཅས་པ་ཁམ་བུའི་དཔེ་སྟོན་འདེབས་འཛུགས་རྟེན་གཞིར་གཟིགས་ཞིབ་གནང་བར་ཕེབས་པ་རེད། འདི་ལོ་ཚལ་སྣེ་ཤང་གིས་ཁམ་བུའི་སྡོང་པོ་3000ཚོད་འདེབས་བྱས་པས་གསོན་ཚད་90%ཡན་ཟིན་པ་དང་མིག་སྔར་སྐྱེ་ཚུལ་ལེགས་པས་ཚོད་འདེབས་གྲུབ་འབྲས་ཐོབ་རེ་ཡོད་པ་རེད། གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས་ཆེ་དགྲ་ལྷས་ཁམ་བུ་འདེབས་འཛུགས་བྱ་རྒྱུ་ནི་ཞིང་པ་འབབ་འཕར་བྱེད་རོགས་བྱེད་པ་དང་ཁོར་ཡུག་མཛེས་སུ་གཏོང་བའི་རྣམ་གྲངས་ཡག་པོ་ཞིག་ཡིན་པས་གོང་རིམ་གྱི་ཐོན་ལས་སྲིད་ཇུས་དང་མཐུན་པ་དང་། ས་གནས་དེ་གའི་དོན་དངོས་དང་མཐུན་པ། ཁྲོམ་རའི་དགོས་མཁོ་དང་མཐུན་པ་བཅས་རེད། གོམ་སྟབས་རྗེས་མར་གྲོང་ཁྱེར་དང་རྫོང་གི་འབྲེལ་ཡོད་སྡེ་ཚན་ཁག་གིས་རྣམ་གྲངས་ཀྱི་དུས་མཇུག་དོ་དམ་ལས་དོན་ཡག་པོ་སྒྲུབ་ནས་ཕྱོགས་ཁག་ནས་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་པ་དང་ལྷག་པར་དུ་རྣམ་གྲངས་ཀྱི་རིགས་གཅིག་མཁས་ཅན་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ནས་ཁམ་སྡོང་བདེ་བླག་ངང་དགུན་སྒྲོལ་བྱེད་ཐུབ་རྒྱུའི་འགན་ལེན་བྱས་ཏེ་ཁམ་བུའི་རྣམ་གྲངས་དེ་སྤུས་ཚད་ལེགས་ལ་ཐོན་འབབ་མཐོ་བའི་རྣམ་གྲངས་ཤིག་ཏུ་ཆགས་པ་བྱེད་པ་དང་འབྲེལ་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་གྱི་ལམ་རྒྱུད་དུ་དམིགས་བསལ་གྱི་མཛེས་ལྗོངས་ཁུལ་ཞིག་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།