བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཚེས་13ཉིན་གྱི་སྔ་དྲོ་ལྗོངས་སྲིད་གྲོས་ཨུ་ཡོན་གྱིས་ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ་ཞལ་འདེབས་བརྒྱབ་པའི་མཛད་སྒོ་དེ་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་སྒོ་རའི་ནང་སྤེལ་བ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་པ་སངས་དོན་གྲུབ་དང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆའོ་ཡོན་ཀྲུང་དང་། ལིའུ་ཆིང་ཧུའེ། བློ་བཟང་རྡོ་རྗེ། བསོད་ནམས་སྒྲོལ་མ་བཅས་ཞལ་འདེབས་བརྒྱབ་པའི་མཛོད་སྒོར་ཞུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་གྱིས་ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ་དམངས་ཕན་གྱི་སྒྲིག་ཆས་ལེགས་སུ་གཏོང་ཆེད་སྒོར་ཁྲི་10ཞལ་འདེབས་བརྒྱབ་པ་རེད། ད་ཐེངས་ཞལ་འདེབས་བརྒྱབ་པ་དེ་ཐོག་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་གང་ལེགས་མཚོན་པ་དང་ལྗོངས་སྲིད་གྲོས་ཨུ་ཡོན་གྱིས་རང་ལྗོངས་ཀྱི་བརྟན་ལྷིང་ལ་བརྩེ་སེམས་འཆང་བ་དང་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་བའི་ལྷད་མེད་ཀྱི་སེམས་པ་དང་ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་བདེ་ཉེན་རྟོག་ལས་བྱེད་པའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་ལྷག་བསམ་ཟོལ་མེད་ཀྱི་སེམས་པ་གང་ལེགས་མཚོན་ཡོད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ང་ཚོས་སྔ་རྒྱུན་བཞིན་དམངས་གཅེས་དང་། དམངས་ཆེད། དམངས་བདེ། དམངས་ཕན། དམངས་བློ་བདེ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་འགན་ནུས་ནན་ཏན་ངང་བསྒྲུབས་པ་དང་འབྲེལ་དམངས་བདེ་དང་དམངས་ཕན་གྱི་བྱ་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཏེ་རང་འགན་ལ་བློ་དཀར་བ་དང་ཡ་རབས་ཚུལ་ལྡན་གྱིས་ཁྲིམས་འཛིན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱས་ཏེ་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བདེ་འཇགས་ཀྱི་སྲུང་ཡོལ་སྐྲུན་གྱི་ཡིན་ཞེས་བཤད་པ་རེད།
ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་ཨུ་ཡོན་གྱི་འཐུས་མི་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་དེ་བཞིན་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་འཐུས་མི་ཞལ་འདེབས་བརྒྱབ་པའི་མཛད་སྒོར་ཞུགས་པ་རེད།