དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ལྗོངས་ཀྱིས“ས་མཐོའི་སྲུང་དམག་—2012ལོ”ཞེས་པའི་འཇིགས་རྒོལ་ནང་སྦྱོང་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གཏུམ་སྤྱོད་འཇིགས་སྐུལ་བྱ་སྤྱོད་སྔོན་འགོག་དང་རྡུང་རྡེག་གཏོང་རྒྱུ་དང་། ཐོལ་བྱུང་དང་ཛ་དྲག་གི་དོན་རྐྱེན་ཐག་གཅོད་བྱེད་པའི་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་རྒྱུ་བཅས་ཀྱི་ཆེད་དུ་ཟླ་8ཚེས་13ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་འཇིགས་རྒོལ་ལས་དོན་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གིས “ས་མཐོའི་སྲུང་དམག་—2012ལོ ”ཞེས་པའི་འཇིགས་རྒོལ་ནང་སྦྱོང་བྱེད་སྒོ་ཞིག་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཧའོ་ཕུང་གིས་ནང་སྦྱོང་ལ་གཟིགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བློ་བཟང་རྒྱལ་མཚན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏེང་ཞའོ་ཀང་བཅས་ཀྱིས་ནང་སྦྱོང་ལ་གཟིགས་པ་རེད།

        ད་རེས་ཀྱི་ནང་སྦྱོང་ནི་འཇིགས་སྐུལ་པ་འགའ་ཞིག་གིས་རང་ལྗོངས་སུ་ལྐོག་ཏུ་འཛུལ་ཏེ་གོང་དཀར་གནམ་ཐང་དང་ལྷ་ས་མེ་འཁོར་བབས་ཚུགས་སོ་སོར་ཡོང་ནས་གནམ་གྲུ་དང་མེ་འཁོར་བཙན་བཟུང་བྱས་པ་དང་འབྲེལ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོས་ལུགས་བསམ་བཀོད་དུ་བྱས་པ་ཞིག་རེད། ནང་སྦྱོང་བྱེད་འགོ་བཙུགས་རྗེས་ལྷོ་ཁ་ས་ཁུལ་དང་ལྷ་ས་གྲོང་ཁྱེར་སོ་སོར་ཉེན་བརྡ་འབྱོར་བ་དང་སྦྲགས་འབྲེལ་ཡོད་གནས་ཚུལ་གོང་རིམ་ལ་སྙན་སེང་ཞུས་ཤིང་། རང་སྐྱོང་ལྗོངས་འཇིགས་རྒོལ་ལས་དོན་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གིས་འཕྲལ་སྡོམ་བཀོད་འདོམས་ལམ་སྲོལ་དེ་མ་ཉིད་དུ་ལག་བསྟར་བྱས་པ་མ་ཟད། ད་དུང་ས་གནས་ས་ཐོག་ཏུ་བཀོད་འདོམས་པུའུ་ཡང་བཙུགས་པ་རེད། ས་གནས་ས་ཐོག་གི་བཀོད་འདོམས་དཔོན་གྱིས་ཉེ་འཁོར་གྱི་མངགས་གཏོང་ཁང་དང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་དང་། སྐོར་གཡེང་ཉེན་རྟོག་པ། འགོག་སྲུང་ཁུལ་གྱི་འཕྲལ་སྒྲུབ་གྲ་སྒྲིག་ཡན་ལག་རུ་ཁག་སོགས་བབ་བསྟུན་ཐག་གཅོད་ཀྱི་སྟོབས་ཤུགས་བཅས་སྒྲིག་འཛུགས་བྱས་ཏེ་ས་གནས་ས་ཐོག་ཏུ་མཐའ་བསྐོར་བཀག་སྡོམ་ཚོད་འཛིན་བྱས་པ་དང་འབྲེལ་དྲག་ཆས་ཉེན་རྟོག་དང་། སྤྱི་བདེ། འཇིགས་རྒོལ། མེ་ཟོན། འཕྲོད་བསྟེན་སོགས་དཔུང་སྣོན་སྟོབས་ཤུགས་ཀྱིས་ཀྱང་ས་གནས་ས་ཐོག་ཏུ་མྱུར་དུ་འཛོམས་ནས་བཀག་སྡོམ་ཚོད་འཛིན་དང་། མྱུལ་ཞིབ། རོགས་སྐྱོབ། སྲུང་སྐྱོབ། མེ་གསོད་སོགས་ཀྱི་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད། གོ་བསྐོན་བློ་འགུགས་བྱས་ཀྱང་གྲུབ་འབྲས་མ་ཐོན་པའི་རྗེས་སུ་དྲག་ཆས་ཉེན་རྟོག་དང་། འཇིགས་རྒོལ། སྤྱི་བདེའི་དམིགས་བསལ་ཉེན་རྟོག་སྟོབས་ཤུགས་བཅས་ཀྱིས་བཀོད་འདོམས་པུའི་བཀའ་ལྟར་དྲག་པོའི་རྒོལ་རྡུང་གིས་མི་གཏའ་སྐྱོབ་པ་དང་དོགས་ཡོད་ཉེས་ཅན་པ་འཛིན་བཟུང་བྱེད་པའི་བྱ་སྤྱོད་སྤེལ་ཞིང་། ས་གནས་ས་ཐོག་གི་བཀོད་འདོམས་པུའི་གཅིག་གྱུར་བཀོད་འདོམས་འོག་ནང་སྦྱོང་དུ་ཞུགས་མཁན་ཚན་པ་ཁག་གིས་མྱུར་དུ་བྱ་སྤྱོད་སྤེལ་བ་དང་འབྲེལ་ཕན་ཚུན་གཞོགས་འདེགས་དམ་ཟབ་ཀྱང་བྱས་ནས་དུས་ཐུང་ནང་འཕྲལ་ཐག་ཆོད་པོས་འཇིགས་སྐུལ་པ་འཛིན་བཟུང་བྱས་པ་དང་། དེ་བྱིངས་ཀྱི་དོགས་ཡོད་ཉེས་ཅན་པ་བཟུང་བ། མི་གཏའ་བསྐྱབས་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་བསལ་ཞིང་། ནང་སྦྱོང་གྲུབ་འབྲས་ཐོན་པའི་སྒོ་ནས་ལེགས་གྲུབ་བྱས་པ་རེད།

        བཪྙན་ལམ་མ་ལག་བརྒྱུད་ནང་སྦྱོང་ཧྲིལ་པོར་གཟིགས་རྗེས་ཧའོ་ཕུང་གིས་དཔྱད་བརྗོད་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་འཕེལ་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་དུས་འདིར་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས “ས་མཐོའི་སྲུང་དམག་—2012ལོ ”ཞེས་པའི་འཇིགས་རྒོལ་ནང་སྦྱོང་བྱེད་སྒོ་སྤེལ་རྒྱུའི་གཏན་འཁེལ་བྱས་པ་ནི་རང་ལྗོངས་ཀྱི་འཇིགས་རྒོལ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ལས་དོན་ལ་གཅིག་སྡུད་ཐོག་ལྟ་ཞིབ་ཐེངས་གཅིག་བྱས་པ་ཞིག་ཡིན་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་དང་རྒྱལ་ཁ་ལེན་རྒྱུའི་སླར་ཡང་སྐུལ་སློང་ཐེངས་གཅིག་བྱས་པ་ཞིག་ཀྱང་རེད། ད་རེས་ཀྱི་ནང་སྦྱོང་དེ་དོན་དངོས་དང་ཉེ་བཅར་བྱུང་བ་དང་། འཐབ་འཛིང་ངོ་མ་དང་ཉེ་བཅར་བྱུང་བ། ལས་བགོས་ཁ་གསལ་བྱུང་བ། མཉམ་སྒུལ་ཕན་འབྲས་ཐོན་པ་བཅས་དང་ནང་སྦྱོང་ནང་ཞུགས་མཁན་ཚང་མར་ནང་སྦྱོང་གི་ཆུ་ཚད་མཐོ་པོ་ལྡན་པ་དང་། ཞུམ་མེད་འཐབ་འཛིང་ཕོད་པའི་སྤྱོད་ཚུལ་ལྡན་པ། བསམ་པའི་ཉམས་འགྱུར་བཟང་པོ་ལྡན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་པོ་ཡོད་པ་བཅས་གང་ལེགས་མངོན་པ་དང་། རང་ལྗོངས་ཀྱི་འཇིགས་རྒོལ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་སྟོབས་ཤུགས་སྐོང་བསྡུ་བྱས་མ་ཐག་སླེབས་ཐུབ་པ་དང་། སླེབས་མ་ཐག་དམག་འཐབ་ནང་ཞུགས་ཐུབ་པ། དམག་འཐབ་ནང་ཞུགས་མ་ཐག་རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་དཔའ་བོའི་བརྗིད་ཉམས་གཅིག་སྡུད་ཐོག་མངོན་པ། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ལ་སེམས་ཤུགས་གཅིག་ཏུ་བསྡུས་ནས་རྒྱལ་ཁབ་གཅིག་གྱུར་ཡོང་རྒྱུར་སྲུང་སྐྱོང་བྱེད་པ་དང་སྲོག་འབེན་བཙུགས་ཀྱིས་དམ་བཅའ་བཞག་ནས་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་སྙིང་རུས་ཆེན་པོ་ལྡན་པ་གང་ལེགས་མངོན་གྱི་ཡོད་ཅེས་བསྟན་གནང་བ་རེད།

        ཧའོ་ཕུང་གིས་མིག་སྔར་རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་སྤྱིར་ན་བརྟན་རུང་འཇིགས་རྒོལ་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་ལ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་ལས་འགན་ཡང་ཧ་ཅང་ལྕི་པོ་ཡོད། རིམ་ཁག་སྲིད་ཁྲིམས་བརྟན་ལྷིང་སྲུང་སྐྱོང་སྡེ་ཚན་གྱིས་དུས་ཚོད་ཀྱིས་མི་མི་སྒུག་པའི་དགོས་གཏུགས་ཀྱི་བསམ་པ་དང་སྲོག་འབེན་བཙུགས་ཀྱིས་དམ་བཅའ་བཞག་ནས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་འགན་སྒྲུབ་སེམས་དང་འགན་འཁྲིའི་བསམ་པ་བཅངས་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐབས་ཇུས་བཀོད་སྒྲིག་གནང་བ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ཆབས་ཅིག “གནད་དོན་ཆེན་པོ་མི་ཐོན་པ་བྱེད་དགོས་ལ་གནད་དོན་འབྲིང་བ་ཡང་མི་ཐོན་པ་བྱེད་དགོས་པ་དང་གནད་དོན་ཆུང་ངུ་ཡང་མི་ཐོན་པ་བྱེད་དགོས ”ཞེས་པར་དམ་པོར་དམིགས་པ་དང་མིག་སྔའི་ཞོ་སྟོན་སོགས་དུས་སྟོན་བྱེད་སྒོ་གལ་ཆེན་རབ་དང་རིམ་པའི་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་གི་ལས་དོན་ལ་གཞི་བཙུགས་ཏེ་ལམ་སྲོལ་ལེགས་པར་འགོད་རྒྱུ་དང་། ལས་འགན་ཁ་གསལ་བཟོ་རྒྱུ། ལས་རིམ་སྟབས་བདེ་རུ་གཏོང་རྒྱུ། སྟབས་བསྟུན་དང་སྤྱོད་གོ་ཆོད་པ་ཞིག་ཡོང་བ་བྱ་རྒྱུ་བཅས་འགག་རྩར་འཛིན་ནས་འཕྲལ་སྡོམ་སྔོན་ཇུས་སྔར་བས་འཐུས་སྒོ་ཚང་བ་གཏོང་བ་དང་། མཐུན་སྦྱོར་མཉམ་སྒུལ་བྱེད་ཤུགས་ཆེ་རུ་གཏོང་བ། བྱ་སྤྱོད་འཕྲལ་དུ་སྤེལ་ནུས་ཆེ་རུ་གཏོང་བ། དགྲ་བཏུལ་གཡུལ་རྒྱལ་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱ་དགོས། དུས་ཚོད་གང་ཞིག་དང་གནས་ཚུལ་གང་ཞིག་གི་འོག་ཏུའང་ཕྱིར་སྐྱོད་ཐུབ་པ་དང་། ཁ་གཏད་གཅོག་ཐུབ་པ། རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཏེ་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་ལྐོག་ཇུས་རྣམས་ཐལ་བའི་རྡུལ་དུ་བརླག་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ཤོག་ཅིག་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།