བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་8ཚེས་13ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྷ་སར་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཏང་ཙུའི་ཧྲུའུ་ཅི་ཤོའེ་ལེང་བཅས་པ་དང་མཇལ་འཛོམས་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལེའང་ཐན་ཀེན་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་ཐོགས། ལྗོངས་ཏང་ཨུད་ཀྱི་དྲུང་ཆེ་ཝང་རུའེ་ལན་བཅས་ལྷན་དུ་ཕེབས་ཡོད།
ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཤོའེ་ལེང་བོད་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་ལོ་མང་རིང་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་སོགས་ལས་དོན་ཁག་དང་ལྷག་པར་དུ་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”ལ་དམིགས་པ། སྐབས་རིམ་བྱུང་ཏང་ཨུད་དང་སྲིད་གཞུང་གིས་ལས་ཀ་ཏན་ཏིག་བསྒྲུབ་པའི་རྨང་གཞིའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་གཏོང་བ་བཅས་ལ་གཙོ་གནད་དུ་ཤུགས་བརྒྱབ་ནས་ལྗོངས་ཡོངས་སུ་ཚན་རིག་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་ལྡན་པ། དམངས་འཚོ་ལེགས་སུ་སོང་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་ཅེས་གསུངས།
ཤོའེ་ལེང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་བོད་ཀྱི་ཞིང་འབྲོག་ལས་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་དམིགས་བསལ་ཁྱད་ཆོས་ལྡན་པས་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་ལེན་ནན་ཏན་བསྟར་ནས་ཤེས་ལྡན་པ་དང་ཚན་རྩལ་ཐོག་ནས་བོད་སྐྱོར་བྱ་ཤུགས་ཆེ་རུ་བཏང་སྟེ་བོད་དང་མཉམ་ལས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་ཚན་རྩལ་གྱི་འདེགས་སྐྱོར་ཐུབ་པ་བྱས་ཏེ་བོད་ཀྱི་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་བཏང་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག། ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས།