དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོ་དང་བྱམས་པ་ཕུན་ཚོགས་ཀྱིས་ཁྲེན་ཤིས་ཝུན་བཅས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་8ཚེས་10གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་ལྷ་སར་ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་གཞུང་དོན་ཁང་གི་ཀྲུའུ་རེན་ཁྲེན་ཤིས་ཝུན་བཅས་པ་དང་མཇལ་འཛོམས་གནང་བ་རེད།

        ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ལྷག་ཙམ་གྱི་ཚབ་ཞུས་ནས་ཁྲེན་ཤིས་ཝུན་བོད་དུ་ལས་དོན་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་དུས་ཡུན་རིང་པོའི་ནང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་བྱ་གཞག་ཁག་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁྲེན་ཆོན་གོས་ཉེ་བའི་ལོ་ཤས་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གསལ་སྟོན་གནང་བའི “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ལ་དམིགས་ནས་སྐབས་རིམ་བྱུང་གི་ཏང་ཨུད་དང་སྲིད་གཞུང་གིས་བཏིང་བའི་ལས་ཀའི་རྨང་གཞི་བཟང་པོའི་ཐོག་དོན་ཆེན་གཉིས་ཡིན་པའི་འཕེལ་རྒྱས་དང་བརྟན་ལྷིང་དམ་འཛིན་ནན་པོ་བྱེད་པ་དང་། ཚན་ཁག་ཁག་གཉིས་ཆགས་པ་བྱེད་པ། ཕུགས་ཕན་གྱི་ལམ་སྲོལ་གཉིས་འཛུགས་པ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་གཏོང་བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད་ཅེས་གསུངས་པ་རེད།

        ཁྲེན་ཆོན་གོས་བོད་ལྗོངས་འདི་ཉིད་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་པ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན་དང་ཁ་འབྲལ་ཐབས་མེད་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད་པ་བཅས་ཡིན་པས་ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་བྱ་གཞག་ཁག་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་པ་དང་བོད་ལ “ཞིང་གསུམ ”ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱས་ནས་བོད་ཀྱི་ཞིང་འབྲོག་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བ་དང་། ཞིང་འབྲོག་པའི་ཡོང་འབབ་རྒྱུན་ཆད་མེད་པར་འཕར་བ་བྱེད་པ། ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུར་རེ་བ་ཟོལ་མེད་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཁྲེན་ཤིས་ཝུན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་བོད་ལ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ནང་དམིགས་བསལ་གྱི་གནས་བབ་གལ་ཆེན་ལྡན་པ་དང་བོད་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་མཐའ་འཁྱོངས་བྱ་རྒྱུར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གིས་སྐབས་རིམ་བྱུང་གི་ཏང་ཨུད་དང་སྲིད་གཞུང་གིས་བཏིང་བའི་ལས་ཀའི་རྨང་གཞི་བཟང་པོའི་ཐོག་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་བསྒྲུབས་པ་དང་སྤྱོད་གོ་ཆོད་ལ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་མ་གཏོང་བའི་སྲིད་ཇུས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཟོས་པས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཕུགས་ཕན་གྱི་ལམ་སྲོལ་ཆགས་ཤིང་། གྲུབ་འབྲས་དེ་དག་ཐོབ་པ་ནི་མི་རྣམས་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་སྙིང་སྟོབས་རབ་ཏུ་འཕེལ་བ་ཞིག་ཡོད་ཅེས་གསུངས་པ་རེད། ཁྲེན་ཤིས་ཝུན་གྱིས་ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་མི་དམངས་ལ་བརྩེ་དུང་ཟབ་མོ་འཆང་བཞིན་དུ་སྔར་རྒྱུན་བཞིན་བོད་ལ “ཞིང་གསུམ ”ལས་དོན་སྔར་བས་ཡག་པོ་སྒྲུབ་རོགས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།