དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཝུའུ་དབྱིང་ཅེས་ལྷ་སའི་གྲོང་ཁྱེར་གྱི་དྲོད་མཁོ་འདོན་ལས་གྲྭའི་འཛུགས་སྐྲུན་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་8ཚེས་9ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་ལྷ་སར་ལྷ་སའི་གྲོང་ཁྱེར་གྱི་དྲོད་མཁོ་འདོན་ལས་གྲྭ་འཛུགས་སྐྲུན་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་བ་རེད།

        སྡེ་ཚན་ཁག་གི་ལས་དོན་སྙན་ཞུ་གསན་རྗེས་ཝུའུ་དབྱིང་ཅེས་ལྷ་སའི་གྲོང་ཁྱེར་གྱི་དྲོད་མཁོ་འདོན་ལས་གྲྭ་འཛུགས་སྐྲུན་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་ལྷ་ས་གྲོང་ཁྱེར་གྱི་དྲོད་མཁོ་འདོན་ཚོད་ལྟའི་ལས་གྲྭའི་རྣམ་གྲངས་ཀྱི་འཛུགས་སྐྲུན་བཀོད་འདོམས་པུའུ་དང་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་འགོའི་ལས་ཀའི་རྨང་གཞིའི་ཐོག་གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བྱས་པས་ལས་དོན་ཁག་ལ་སྐུལ་མ་ནུས་ལྡན་ཐེབས་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁས་ལེན་གང་ལེཌ་བྱས་ཡོད་ཅེས་གསུངས་པ་རེད།

        ཝུའུ་དབྱིང་ཅེས་ལྷ་སའི་གྲོང་ཁྱེར་གྱི་དྲོད་མཁོ་འདོན་གྱི་ལས་གྲྭ་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ལ་རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ངང་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱེད་པའི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་ཡིན་པས་ཁྱིམ་ཚང་ཁྲི་སྟོང་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད། དེར་བརྟེན་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། སེམས་ཤུགས་གཅིག་སྡུད་བཅས་ཀྱི་ཐོག་ནས་མིག་སྔའི་དྲོད་མཁོ་འདོན་འཛུགས་སྐྲུན་ནང་འཕྲད་པའི་འབྲེལ་ཡོད་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། རང་འགན་ཡག་པོ་བསྒྲུབས་པ་དང་རྣམ་གྲངས་ཀྱི་འཕེལ་རིམ་ལ་དུས་ཚོད་དམ་འཛིན་གྱིས་སྐུལ་འདེད་བཏང་སྟེ་ད་ལོའི་ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་ལ་དྲོད་མཁོ་འདོན་བྱེད་ཚད་40%ཟིན་རྒྱུའི་དམིགས་ཚད་ལས་འགན་ངེས་པར་དུ་ལེགས་སྒྲུབ་བྱས་ཐོག་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཁྱིམ་ཚང་ཁྲི་སྟོང་ལ་ཚོར་བ་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་བྱེད་པ་དང་སྣེ་ཁྲིད་དེ་དམངས་འཚོ་འགན་ལེན་དང་ལེགས་སུ་ཤུགས་ཆེན་གཏོང་བ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བཅས་ཀྱི་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དེ་ལས་གྲྭ་འཛུགས་སྐྲུན་ཁྲོད་མངོན་པ་བྱེད་དགོས་ཞེས་ནན་བཤད་གནང་ཡོད། ཁོང་གིས་རང་སྐྱོང་ལྗོངས་ཀྱི་སྡེ་ཚན་ཁག་གིས་སྒྲིག་ཆས་དང་རྒྱུ་ཆ་གྲ་སྒྲིག་གི་ལས་དོན་ཡག་པོ་བྱེད་པ་དང་དྲོད་མཁོ་འདོན་གྱི་མཇུག་སྣེའི་ཐོན་རྫས་ཀྱི་སྤུས་ཀ་དང་། རིན་གོང་། ས་མཐོར་འཕྲོད་ཚད། བཙོངས་རྗེས་ཀྱི་ཞབས་ཞུ་སོགས་ཀྱི་ནང་དོན་ལ་སྒོ་ཀུན་ནས་ཤེས་རྟོགས་ཐུབ་པ་བྱས་ནས་གོམ་སྟབས་རྗེས་མའི་དྲོད་མཁོ་འདོན་གྱི་མཇུག་སྣེའི་སྒྲིག་ཆས་ཡོངས་བསྒྲགས་ངང་སུས་འཇོན་དེ་འགུག་བྱེད་པར་རྨང་གཞི་བརྟན་པོ་ཞིག་འདིང་བ་དང་། ལྷ་སའི་དངོས་ཡོད་དང་ཟུང་འབྲེལ་བྱས་ཏེ་དྲོད་མཁོ་འདོན་གྱི་འཆར་འགོད་སྒྲིག་བཟོ་དང་། བཟོ་བཅོས། ལེགས་གཏོང་བཅས་ཀྱི་ལས་དོན་བྱེད་མགྱོགས་སུ་བཏང་ནས་འཆར་འགོད་དཔྱད་དཔོག་བདེ་བླག་ཡོང་རྒྱུར་འགན་ལེན་བྱེད་པ། དྲོད་མཁོ་འདོན་ལས་གྲྭའི་གཉེར་སྐྱོང་རྗེས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་རིན་གོང་གི་གནད་དོན་ལ་དམིགས་ཏེ་ཆེད་དོན་དབྱེ་ཞིབ་བྱེད་པ་དང་སྲིད་ཇུས་ཀྱི་ཐོག་ནས་ཞིབ་འཇུག་གཏིང་ཟབ་བྱས་ནས་འཛུགས་སྐྲུན་ཁ་གསབ་དང་། གཉེར་སྐྱོང་ཁ་གསབ། སྤྱོད་མཁན་ཁ་གསབ་བཅས་ཀྱི་ཇུས་གཞི་གང་མགྱོགས་ཆགས་པ་བྱས་ཏེ་ལས་གྲྭ་འཛུགས་སྐྲུན་ལ་གཞི་འཛིན་ས་མཁོ་འདོན་བྱེད་པ། དྲོད་མཁོ་འདོན་བྱེད་མཁན་ཁེ་ལས་ཀྱིས་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་ཡག་པོ་བྱེད་པ་དང་མི་སྣའི་གསོ་སྦྱོང་སོགས་ཀྱི་ལས་དོན་ལ་དུས་ཚོད་དམ་འཛིན་གྱིས་ཡག་པོ་བསྒྲུབས་ནས་དྲོད་མཁོ་འདོན་གྱི་བརྒྱུད་རིམ་དང་འཁོར་སྐྱོད་ཀྱི་བདེ་འཇགས་འགན་ལེན་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།