ཟླ་8ཚེས་9ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཧང་ཀྲང་ཀྲེན་ཧུའེ་དང་ལྷན་དུ་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ཁུལ་གྱི་འཛུགས་སྐྲུན་དང་ལྷ་ཀླུ་འདམ་རའི་སྲུང་སྐྱོང་དང་གསར་སྤེལ་བྱས་ཚུལ་ལ་རྟོག་ཞིབ་གནང་བ།
བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་8ཚེས་9ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཧང་ཀྲང་ཀྲེན་ཧུའེ་ཡིས་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དང་ཁུལ་འཛུགས་སྐྲུན་དང་ལྷ་ཀླུ་འདམ་ར་སྲུང་སྐྱོང་གསར་སྤེལ་བྱ་ཚུལ་ལ་རྟོག་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་རིང་གིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་པ་རེད།
ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དང་ཁུལ་དེ་ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཤང་ཚེ་མཆོག་གླིང་དུ་ཡོད་པ་དང་རིག་གནས་ཡུལ་སྐོར་གྱིས་གཙོ་ཁྲིད་ཐོན་ལས་སུ་བྱས་ཏེ་མི་རིགས་ཀྱི་ཡུལ་སྲོལ་རིག་གནས་མངོན་པ་དང་། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་ཚོང་། འཁྲབ་སྟོན་རོལ་རྩེད། མགྲོན་ཁང་སྤྲོ་གསེང་། ཚོང་ལས་ལྟ་སྐོར། འཚོ་བའི་ཞབས་ཞུ་བཅས་གཞི་གཅིག་ཏུ་འགྱུར་བའི་རིག་གནས་ཐོན་ལས་གཅིག་སྡུད་ཁུལ་ཞིག་ཡིན་ཞིང་འཆར་འགོད་ལ་གཞིགས་ན། གླིང་དང་ཁུལ་དེ་བསྐྲུན་རྗེས “བོད་རིག་གནས་ཀྱི་འཛམ་གླིང་རྟེན་གཞི་དང་། བོད་ཀྱི་རིག་གནས་ཀྱི་ཡུལ་སྐོར་ཐོན་རྫས་ཚད་ལྡན་ཕྱིར་གཏོང་ཁུལ། བོད་ཀྱི་རིག་གནས་ཀྱི་གསར་གཏོད་དང་འབྱུང་གནས་ཁུལ། སྤྲོ་གསེང་གུང་གསེང་གཏོང་ཁུལ་ལེགས་གྲས། གྲོང་མིའི་སྤྲོ་གསེང་གཏོང་ཡུལ་ལེགས་གྲས ”བཅས་སུ་འགྱུར་རྒྱུ་རེད།
རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ཁྲེན་ཆོན་གོ་དང་ཀྲེན་ཧུའེ་ཡིས་གླིང་དང་ཁུལ་གྱི་འཆར་འགོད་དང་། གནས་བབ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་རྣམ་གཉིས་ཀྱིས་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དང་ཁུལ་འཛུགས་སྐྲུན་བྱེད་པ་ནི་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ངོ་མ་དང་། ལྗོངས་ཡོངས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་མ་གཏོང་བའི་བྱ་ཐབས་གལ་ཆེན། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་མགྱོགས་སུ་གཏོང་བ་དང་ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བའི་ནུས་ལྡན་བྱ་ཐབས། བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་སྟེགས་བུ་བཟང་པོ། ལྷ་ས་འདི་ཉིད་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་དང་བོད་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་པའི་ཞིབ་ཕྲའི་ལག་ལེན་བཅས་ཡིན་པས་དོན་སྙིང་གལ་ཆེ་ལ་གཏིང་ཟབ་ལྡན་ཡོད། ལྷ་ས་གྲོང་ཁྱེར་དང་འབྲེལ་ཡོད་སྡེ་ཚན་གྱིས་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། བསམ་བློར་བཅིངས་འགྲོལ་གཏོང་བ། ལམ་སྲོལ་གསར་གཏོད་བྱེད་པ། མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་ལེགས་སྐྱེས་དེ་བ་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་12.2ཡོད་པ་དང་མཚོ་བོད་ས་མཐོའི་འདམ་ར་དཔེ་མཚོན་ཞིག་ཡིན་ཞིང་། ཁྲེན་ཆོན་གོ་དང་ཀྲེན་ཧུའེ་ཡིས་ལྷ་ཀླུ་འདམ་རའི་སྲུང་སྐྱོང་འཆར་འགོད་ཀྱི་སྙན་ཞུ་གསན་བཞིན་དུ་ཁོང་རྣམ་གཉིས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་ལ་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་སྣོད་བཅུད་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་འདམ་རའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་དང་ཡུལ་སྐོར་ལམ་ཐིག་ལུགས་མཐུན་ངང་འཆར་འགོད་བྱས་ཏེ་ལྟ་ན་སྡུག་པའི་མཛེས་ལྗོངས་དེ་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་མངོན་པར་བྱས་ཏེ་ཁོང་ཚོ་འདམ་ར་དང་རང་བྱུང་ཁམས་སུ་སྐྱོད་དུ་བཅུག་སྟེ་མི་དང་རང་བྱུང་ཞི་མཐུན་འཆམ་གནས་ཡོང་བ་བྱེད་དགོས་པའི་བཀའ་མངགས་ཀྱང་གནང་བ་རེད།
རྟོག་ཞིབ་གནང་སྐབས་ཁྲེན་ཆོན་གོ་དང་ཀྲེན་ཧུའེ་ཡིས་ཚན་རིག་དང་མཐུན་པའི་ངང་འཆར་གཞི་འགོད་པ་དང་། སྣོད་བཅུད་སྲུང་སྐྱོང་བྱེད་པ། ཐབས་ལམ་རྒྱ་ཆེར་གཏོང་བ། མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ནས་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ཁུལ་དང་ལྷ་ཀླུ་འདམ་ར་འདི་ཉིད་མི་དང་རང་བྱུང་ཞི་མཐུན་འཆམ་གནས་ཀྱི་རིག་གནས་སྣོད་བཅུད་དཔེ་སྟོན་རྣམ་གྲངས་སུ་འགྱུར་གང་ཐུབ་བྱེད་དགོས་པ་སྟེ། གཅིག་ནི་འཆར་འགོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང། འཆར་འགོད་ཁྲོམ་ར་སྒོ་དབྱེ་བ། འཛམ་གླིང་ལ་ཕྱོགས་པ། མིག་རྒྱང་ཆེ་རུ་གཏོང་བ་བཅས་བྱས་ཏེ་དེང་རབས་ཀྱི་འདུ་ཤེས་དང་། དེང་རབས་ཀྱི་བསམ་གཞི། དེང་རབས་ཀྱི་བསམ་བློ་བཅས་ཀྱི་ཐོག་ནས་རྣམ་གྲངས་འཆར་འགོད་ཆུ་ཚད་མཐོ་པོས་རྣམ་གྲངས་འཆར་འགོད་ལེགས་པར་བསྒྲུབས་ཏེ་སྣེ་འདྲེན་དང་། མཛུབ་ཁྲིད། ཚད་ལྡན། སྙོམས་སྒྲིག་བཅས་ཀྱི་འཆར་འགོད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གཉིས་ནི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ནས་སྣོད་བཅུད་སྲུང་སྐྱོང་དེ་རྣམ་གྲངས་འཛུགས་སྐྲུན་གྱི་གནས་བབ་གལ་ཆེར་བཞག་ནས་ཇུས་འགོད་གསར་པ་དང་། ཚད་གཞི་གསར་པ། ལག་རྩལ་གསར་པ། བྱ་ཐབས་གསར་པ་བཅས་ཧུར་ཐག་སྤྱད་ཐོག་ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་པ་དང་གངས་ལྗོངས་ས་མཐོའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་ནས་རྒྱལ་ཁབ་དང་། མི་དམངས། ཕ་ཚ་བུ་རྒྱུད་བཅས་ལ་བདེ་བ་སྐྲུན་པ། གསུམ་ནི་མ་དངུལ་བསྡུ་གཏོང་གི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། ཁྲལ་གྲོན་ཆག་ཡང་དང་རྩ་ཆག་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ་མ་རྩ་འཇོག་མཁན་གཙོ་བོ་ཁག་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་མ་དང་ཁྲིད་སྟོན་བྱེད་པ་དང་། མ་རྩ་བསྡུ་གཏོང་གི་མཐུན་རྐྱེན་མགྱོགས་པོ་བཙུགས་ནས་ནོར་སྲིད་ཀྱི་མ་དངུལ་དང་། སྤྱི་ཚོགས་ཀྱི་མ་དངུལ། དངུལ་རྩའི་མ་དངུལ་བཅས་རང་རང་སོ་སོའི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་པ། བཞི་ནི་རྣམ་གྲངས་ཀྱི་མྱུར་ཚད་མགྱོགས་སུ་བཏང་སྟེ་རྩ་འཛུགས་ཀྱི་འགོ་ཁྲིད་དང་། ལས་ཀའི་བྱ་ཐབས། ལས་འགན་ལེགས་སྒྲུབ་བྱ་རྒྱུ་བཅས་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དང་ཁུལ་འདི་ཉིད་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཁུལ་དང་། རིག་གནས་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྔོན་སྐྱོད་ཁུལ། རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་ཁུལ། ཡུལ་སྐོར་ཐོན་ལས་སྟོབས་ཆེར་གཏོང་བའི་གསོན་ཤུགས་ཁུལ་བཅས་སུ་གང་མགྱོགས་འགྱུར་བ་བྱེད་པ་དང་ལྷ་ཀླུ་འདམ་ར་འདི་ཉིད་ལྷ་ས་གྲོང་ཁྱེར་གྱི་སྣོད་བཅུད་སྐར་ཁུང་དང་། མི་དང་རང་བྱུང་ཞི་མཐུན་འཆམ་གནས་ཀྱི་སྣོད་བཅུད་མིག་དཔེ་ཞིག་ཏུ་འཛུགས་སྐྲུན་བྱེད་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།