བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་5ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ལྷ་སར་རང་ལྗོངས་སུ་གཟིགས་སྐོར་དང་འཚམས་འདྲིར་ཕེབས་པའི་པར་ཙིར་གྱི་གསར་འགོད་པའི་ཚོགས་པ་བཅས་པ་དང་མཇལ་འཛོམས་གནང་བ་རེད།
ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་དང་ཐོག་པར་ཙིར་གྱི་གསར་འགོད་པ་ཚོགས་པ་དང་བཅས་པས་བོད་ལ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ཀྲུང་པར་དབར་ཕྱི་འབྲེལ་བཙུགས་ནས་ལོ་38རིང་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ལྷག་པར་དུ “འབོ་གསེར་རྒྱལ་ཁབ་ལྔའི ”མཉམ་ལས་ལམ་སྲོལ་ནང་རྒྱལ་ཁབ་གཉིས་པོས་གྲུབ་འབྲས་ཐོབ་པའི་མཉམ་ལས་བྱས་ཏེ་རྒྱུན་བསྲིང་ཞི་བདེ་དང་ཐུན་མོང་ཐོག་གྲ་རྒྱས་ཡོང་བའི་ཞི་མཐུན་འཛམ་གླིང་འཛུགས་རྒྱུར་སྐུལ་མ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། པར་ཙིར་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ཏེ་བོད་འབྲེལ་བྱ་བ་སོགས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
མཇལ་འཛོམས་གནང་སྐབས། ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཀྲུང་དབྱང་སྲིད་གཞུང་གི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རོགས་སྐྱོར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་ཐུན་མོང་གི་འབད་བརྩོན་བཅས་ཀྱི་འོག་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་འཛམ་གླིང་ཐོག་གི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་དགོས་པའི་གྲུབ་འབྲས་ངོ་སྤྲོད་གནང་ཞིང་། ཁོང་གིས་གསར་འགོད་པའི་ཚོགས་པ་དང་བཅས་པས་ད་རེས་ཀྱི་གཟིགས་སྐོར་འཚམས་འདྲི་དེ་གོ་སྐབས་ཤིག་ཏུ་བརྩིས་ནས་ཟམ་པ་དང་སྒྲོག་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རང་ཉིད་ཀྱིས་མཐོང་ཐོས་བྱུང་བའི་གནས་ཚུལ་པར་ཙིར་དུ་དྲིལ་བསྒྲགས་དང་འཕེལ་རྒྱས་དང་འཕོ་འགྱུར་འགྲོ་བཞིན་པའི་བོད་འདི་པར་ཙིའི་མི་དམངས་ལ་ཇི་མ་ཇི་བཞིན་ངོ་སྤྲོད་བྱས་ནས་ཀྲུང་གོའི་བོད་ལ་པར་ཙིའི་མི་དམངས་ཀྱིས་ངོས་འཛིན་དང་ཤེས་རྟོགས་བྱེད་ཤུགས་སྔར་བས་ཆེ་རུ་དང་ཀྲུང་པར་རྒྱལ་ཁབ་གཉིས་པོའི་དབར་གྱི་མཛའ་གྲོགས་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངསཔ་རེད།
ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ད་དུང་གསར་འགོད་པས་དོ་སྣང་བྱེད་པའི་གནད་དོན་ཐད་སྤེལ་རེས་གནང་ཞིང་། གསར་འགོད་པའི་ཚོགས་པ་དང་བཅས་པས་བོད་དུ་མཐོང་བ་དང་ཤེས་ཚོར་བྱུང་ཚུལ་པར་ཙིར་དང་ཐ་ན་ལྷོ་ཨ་མེ་རི་ཁ་གླིང་གི་སྤྱི་དམངས་ལ་ཇི་མ་ཇི་བཞིན་ངོ་སྤྲོད་བྱས་ཏེ་མི་དེ་བས་མང་བ་ཞིག་གིས་བོད་ཀྱི་གནམ་ས་བློ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་ཤེས་སུ་འཇུག་གི་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་གསུངས་པ་རེད།