དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་གིས་ལིའུ་ཚང་ལུང་བཅས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་7ཚེས་31ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་གིས་རང་ལྗོངས་སུ་རྒྱལ་ཡོངས་དམངས་གཉེར་ཁེ་ལས་པ་ལྷ་སར་སྐྱོད་པའི་བྱེད་སྒོར་ཞུགས་མཁན་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཚང་ལུང་དང་བཅས་པ་དང་མཇལ་འཛོམས་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་མཇལ་འཛོམས་ནང་ཞུགས་པ་རེད།

        ཧའོ་ཕུང་གིས་ཐོག་མར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱི་ཚབ་ཞུས་ནས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡུན་རིང་ནང་རང་ལྗོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལས་དོན་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་ཞིང་། རྒྱལ་ཡོངས་ཀྱི་དམངས་གཉེར་ཁེ་ལས་པ་ལྷ་སར་སྐྱོད་པའི་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་ངང་མཇུག་འགྲིལ་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།

        ཧའོ་ཕུང་གིས་ཡུན་རིང་ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དཀའ་སྤྱད་འབད་འཐབ་བྱེད་པ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ནས་བོད་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད། དེང་སྐབས་རང་ལྗོངས་ཀྱི་འགྲིམ་འགྲུལ་དང་ནུས་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས “ཆབ་སྲིད་ཐད་བློ་བདེ་པོ་དང་། བསམ་བློའི་ཐད་བཀག་རྒྱ་མེད་པ། སྲིད་ཇུས་ཐད་ལྷུག་ཏུ་གཏོང་བ། འཕེལ་རྒྱས་ཐད་བློ་ཁོག་ཆེན་པོ། ལས་ཀའི་ཐད་ལག་རྒྱ་གློད་པ ”བཅས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་བྱེད་ཕྱོགས་བཏོན་པས་བོད་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཐད་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་བྱུང་ཡོད་ཅེས་གསུངས་པ་རེད། ཁོང་གིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལ་རྒྱབ་སྐྱོར་དང་མཛུབ་ཁྲིད་གནང་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།

        ཧའོ་ཕུང་གིས་མཇལ་འཛོམས་གནང་བར་ལིའུ་ཚང་ལུང་གིས་ཐུགས་རྗེ་ཆེ་ཞུས་གནང་བ་རེད། ཁོང་གིས་སླད་ཕྱིན་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་སྔར་རྒྱུན་བཞིན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ཡོད་པའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་བོད་དུ་རྟོག་ཞིབ་བྱེད་པ་དང་མཉམ་ལས་བྱེད་པར་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་ཀྱི་ཡིན་ལ་དོན་དངོས་དང་འཚམ་པ་དང་བོད་ཀྱི་འཕེལ་རྒྱས་དང་ཁེ་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པའི་རྣམ་གྲངས་དོན་འཁྱོལ་བྱས་ཏེ་བོད་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མགྱོགས་མྱུར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ནས་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། ཞི་མཐུན་གྱི་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པའང་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།