རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པའི་ཐོག་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ནས་ཚེས་27ཉིན་གྱི་ཕྱི་དྲོ་ལྷ་སར་གྲོལ་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག 《2011ལོའི་རང་སྐྱོང་ལྗོངས་ནོར་སྲིད་ངེས་རྩིས་ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད 》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་མི་དོན་བསྐོ་འཐེན་སྐོར་གྱི་འབྲེལ་ཡོད་དོན་ཚན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་འབྲེལ་བསྐོ་གཞག་ཡི་གེ་ཡང་སྤྲད་པ་རེད།
བྱམས་པ་ཕུན་ཚོགས་ཀྱིས་གསུང་བཤད་གནང་སྐབས་ད་རེས་ཀྱི་ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་ཐོན་ཁུངས་སྲོལ་ཡིག (འཆར་ཟིན )》དང 《བོད་རང་སྐྱོང་ལྗོངས་ཀྱི 〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་སྐོར་གྱི་བཅའ་ཁྲིམས 〉ལག་བསྟར་བྱ་ཐབས (བཟོ་བཅོས་འཆར་ཟིན )》ལ་གྲོས་ཞིབ་བྱས་པ་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་དང་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་གྲོས་ཞིབ་ནང་བཏོན་པའི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་ནན་ཏན་བྱས་ཐོག་བསྡུ་ལེན་བྱས་ཏེ་ཕྱོགས་ཁག་གི་རྒྱུ་རྐྱེན་ལ་བསམ་གཞིག་ཞིབ་ཚགས་གང་ཐུབ་བྱས་ནས་བྱ་ཐབས་ཁག་ནན་ཙམ་བཟོས་ཐོག་སྲོལ་ཡིག་གི་འཆར་ཟིན་བཟོ་བཅོས་ཡག་པོ་དང་འཐུས་ཚང་ཡག་པོ་ཡོང་བ་བྱེད་དགོས། ཚོགས་འདུའི་ཐོག་2012ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་ལོ་སྨད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་སྒྲིག་བྱེད་པའི་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་ཞིབ་བྱས་པས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དཔལ་འབྱོར་བརྟན་ལ་མགྱོགས་ཙམ་ངང་འཕེལ་རྒྱས་ཡོང་བ་བྱེད་པ་དང་། དངུལ་ལོར་འགྲེམས་ཐལ་ལ་སྔོན་དཔག་དོ་དམ་བྱེད་པ། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། བྱ་ཐབས་དོན་འཁྱོལ་བྱས་ནས་འཕར་རྒྱུར་སྐུལ་འདེད་གཏོང་བ། སྤུས་ཚད་ལ་སྣང་ཆེན་བྱས་ནས་གྲུབ་ཆ་ལེགས་སྒྲིག་བྱེད་པ། ཤུགས་ཚད་ཆེ་རུ་བཏང་ནས་དམངས་འཚོར་ཕན་འདོགས་པ། གཙོ་གནད་མངོན་གསལ་ཡོང་བ་བྱས་ནས་རིག་གནས་ལ་དམ་འཛིན་བྱེད་པ། ཚན་རིག་དང་མཐུན་པའི་གཅིག་འདོམས་བྱས་ནས་སྒྱུར་བཅོས་ལ་དམ་འཛིན་བྱེད་པ། དུས་བབ་སྟངས་འཛིན་བྱས་ནས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་མངོན་འགྱུར་བདེ་བླག་ཡོང་རྒྱུའི་འགན་ལེན་བྱ་རྒྱུའི་རེ་བ་ཡོད། ཚོགས་འདུའི་ཐོག་2011ལོའི་ནོར་སྲིད་ངེས་རྩིས་དང་2012ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་སྒྲོན་དང་དེ་བཞིན་2011ལོའི་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་དེ་མིན་གྱི་ནོར་སྲིད་གཏོང་ཡོང་གནས་ཚུལ་གྱི་རྩིས་བཤེར་ལས་དོན་གྱི་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་ཞིབ་བྱས་པ་དང་2011ལོའི་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ངེས་རྩིས་ལ་ཞིབ་བཤེར་བྱས་ནས་ཆོག་མཆན་སྤྲད་པ་རེད། རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་ནོར་སྲིད་ཀྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་བྱེད་དགོས་པ་དང་། ནོར་སྲིད་གཏོང་སྒོའི་གྲུབ་ཆ་ལེགས་སྒྲིག་བྱེད་པ། སྔོན་རྩིས་སྒྲིག་ཁོངས་འཐུས་ཚང་དུ་གཏོང་བ། སྔོན་རྩིས་ལག་བསྟར་ནན་པོ་བྱེད་པ། ནོར་སྲིད་ལ་ཚན་རིག་ཅན་དང་ཞིབ་ཕྲ་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། རྩིས་བཤེར་དག་ཐེར་ཡོ་བསྲང་གི་བསམ་འཆར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བཅས་བྱས་ནས་ཁྲིམས་ལྟར་ནོར་དོན་དོ་དམ་བྱེད་ནུས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
བྱམས་པ་ཕུན་ཚོགས་ཀྱིས་ད་རེས་ཚོགས་འདུའི་ཐོག་ད་དུང་ལྗོངས་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་ཀའི་གནས་ཚུལ་དང་ཕྱི་དོན་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་ཞིབ་བྱས་པས་ང་ཚོས་ངེས་པར་དུ་ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རྒྱབ་སྐྱོར། སྤྱི་ཚོགས་ཀྱི་རོགས་སྐྱོར། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བཅས་བྱེད་པའི་གོ་སྐབས་བཟང་པོར་དམ་འཛིན་བྱས་ཏེ་དབུལ་སྐྱོར་གྱི་ཚད་གཞི་གསར་པ་ཚན་རིག་དང་མཐུན་པའི་སྒོ་ནས་སྟངས་འཛིན་བྱེད་པ་དང་། བྱ་ཐབས་གསར་པ་བཟོ་བ་དང་བྱེད་ཐབས་གསར་པ་དོན་འཁྱོལ་བྱས་ནས་དབུལ་སྐྱོར་གསར་སྤེལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། བོད་ཀྱི་ཕྱི་དོན་ལས་ཀ་ཡག་པོ་སྒྲུབ་དགོས་པའི་དམིགས་བསལ་དང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དམ་པོར་དམིགས་པ་དང་། དུས་སྐབས་གསར་པའི་ཕྱི་དོན་ལས་ཀའི་འཐབ་ཇུས་རང་བཞིན་ལ་ཞིབ་འཇུག་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཕྱི་དོན་ལས་ཁུངས་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཕྱི་དོན་ལས་ཀའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།
མཇུག་ཏུ་བྱམས་པ་ཕུན་ཚོགས་ཀྱིས་འདི་ལོའི་ལོ་སྨད་དུ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་ལས་འགན་སྔར་བཞིན་ལྕི་པོ་ཡོད་པས་ང་ཚོས་ངེས་པར་དུ་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ད་ལྟའི་དུས་མཚམས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་ཀྱིས “མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་ལྔའི ”བླང་བྱ་དེ་མི་དམངས་འཐུས་ཚོགས་ལས་དོན་གྱི་ཕྱོགས་ཁག་ནང་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་གཅེས་དང་། མཐུན་སྒྲིལ། ཞི་མཐུན། འཕེལ་རྒྱས། ཤེས་དཔལ་བཅས་བརྗོད་དོན་གཙོ་བོར་བྱེད་པའི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་བསྟར་བྱས་ནས་ས་གནས་ཀྱི་རྒྱལ་ཁབ་དབང་ཆའི་ལས་ཁུངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ནུས་པ་གལ་ཆེན་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། ཆེད་དོན་ལས་དོན་ཨུ་ལྷན་དང་གཞུང་དོན་ཐིང་ཁག་གིས་སྐབས་འདིའི་ཚུན་གྱི་ལས་དོན་ལ་སྔ་ཙམ་ཕྱོགས་སྡོམ་བྱས་ནས་གཏན་ལ་ཕབ་པའི་ལས་ཀའི་ལས་འགན་ཁག་དོན་འཁྱོལ་ནུས་ལྡན་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་བསྟན་གནང་བ་རེད།