དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཚོགས་འདུ་འཚོགས་ནས་བློ་མཐུན་ལི་ཁྲང་ཁྲུན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་25ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཚོགས་འདུ་འཚོགས་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁྲང་ཁྲུན་བོད་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

        ཚོགས་འདུའི་ཐོག་ད་རེས་རྒྱུན་ཨུ་ལི་ཁྲང་ཁྲུན་བོད་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་དེས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་མཚོན་ལ་རྒྱུན་ཨུ་ལི་ཁྲང་ཁྲུན་གྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་པའང་མཚོན་ཡོད། རྒྱུན་ཨུ་ལི་ཁྲང་ཁྲུན་གྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་རྗེས་གནང་བའི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་ཞིང་ནང་དོན་ཟབ་པ་དང་། སྙིང་སྟོབས་རབ་འཕེལ། བརྗོད་དོན་ཕུན་སུམ་ཚོགས་པ། བརྩེ་བ་ལྷད་མེད། ཚིག་ནན་ཁུར་ཆེན་བཅས་ཤིག་ཡིན་པས་དམིགས་ས་དང་། མཛུབ་ཁྲིད། བཀོལ་སྤྱོད་བཅས་རང་བཞིན་ཆེན་པོ་ལྡན་པར་བརྟེན་བོད་ཀྱི་ད་ཆ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་ཁག་སྔར་བས་ལེགས་པར་བསྒྲུབ་རྒྱུར་ཁ་ཕྱོགས་དང་གཞི་འཛིན་ས་བྱུང་ཡོད་ཅེས་བསྟན་པ་དང་།

        ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་དང་ལྷག་པར་དུ་དྲིལ་བསྒྲགས་བསམ་བློའི་རིག་གནས་སྡེ་ཚན་གྱིས་རྒྱུན་ཨུ་ལི་ཁྲང་ཁྲུན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ངེས་པར་དུ་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་དོན་འཁྱོལ་བཅས་ཡག་པོ་བྱ་རྒྱུ་དེ་ད་ཆ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཐོག་གནང་བའི་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་དང་ཀྲུང་དབྱང་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བཅས་བྱེད་དགོས་པ་དང་། མཉམ་སྡེབ་ཀྱི་སློབ་སྦྱོང་དང་རང་ངོས་ཀྱི་རང་སྦྱོང་བྱེད་པ་སོགས་ཀྱི་ཐོག་ནས་དགོངས་དོན་གྱི་ངོ་བོ་དང་ལས་ཀའི་བླང་བྱ་ལེན་རྒྱུའི་ཐད་ཆད་ལུས་མེད་པ་དང་། ཆ་ལག་ཚང་བ། དོན་དངོས་དང་ཟུང་འབྲེལ། ལག་བསྟར་ཐུབ་པ་བཅས་ཀྱི་འབད་བརྩོན་བྱས་ཏེ་རང་ལྗོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་སྐུལ་མ་གཏོང་བ་དང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་སོགས་ཀྱི་ལས་དོན་ཁག་དང་ལྷག་པར་དུ་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་ཀར་རྣམ་པ་གསར་པ་ཞིག་རྒྱུན་ཆད་མེད་པར་གཏོད་དགོས་པའི་ནན་བཤད་བྱས་ཡོད།

        ཚོགས་འདུའི་ཐོག་རྒྱུན་ཨུ་ལི་ཁྲང་ཁྲུན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་གཙོ་བོ་ཕྱོགས་དྲུག་ཐད་ནས་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་པ་སྟེ། གཅིག་ནས་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ཡོང་བའི་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེན་བཏང་ནས “གསལ་པོ་ཤོད་དགོས་པ་གསུམ ”བྱེད་དགོས་པ་སྟེ། བོད་འདི་ཉིད་གནའ་སྔ་མོ་ནས་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་དང་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་བཏང་བ་ནི་བོད་ཪྙིང་པའི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་ལོག་སྤྱོད་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མགོ་རྟིང་བསློགས་པའི་རླབས་ཆེན་གྱི་སྤྱི་ཚོགས་འཕོ་འགྱུར་དང་བོད་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བའི་འོད་སྟོང་འབར་བའི་གྲུབ་འབྲས་ཡིན་པ། མི་རིགས་ཁག་གིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་པ་དང་དར་རྒྱས་གོང་འཕེལ་བཏང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་གསལ་པོ་ཤོད་དགོས་པ་དང་། གཉིས་ནས་བོད་ཀྱི་ཕུལ་བྱུང་གི་མི་རིགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་དང་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་གཏོང་བ་དང་། རྒྱུན་ཨུ་ལི་ཁྲང་ཁྲུན་གྱི་བླང་བྱ་ལྟར་བོད་ཀྱི་གསར་བརྗེའི་ལོ་རྒྱུས་རིག་གནས་སྔོག་འདོན་འདུ་འགོད་གང་མགྱོགས་ལག་ལེན་བསྟར་ནས་བོད་དུ་ཕུན་སུམ་ཚོགས་པའི་རྒྱལ་གཅེས་གསར་བརྗེའི་ལོ་རྒྱུས་རིག་གནས་ཐོན་ཁུངས་སྔོག་འདོན་དང་། ལེགས་སྒྲིག འཐུས་ཚང་། རིམ་སྤོར་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ཀྱི “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”ཤུགས་ཆེན་འཕེལ་བ་བྱས་ནས་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཏན་ཏིག་སྒྲུབ་པ་དང་བོད་འདི་ཉིད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་མ་ཤུགས་ཆེན་གཏོང་དགོས་པ། གསུམ་ནས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གང་མགྱོགས་འཛུགས་པ་དང “ཤིན་བོད་འདུ་འགོད ”འཛུགས་སྐྲུན་དམ་འཛིན་བྱས་ཏེ་རིག་གནས་དམངས་ཕན་གྱི་གཙོ་གནད་འདུ་འགོད་གཏིང་ཟབ་སྤེལ་བ་དང་སྔོན་ཐོན་རིག་གནས་དགོན་སྡེར་སྤེལ་བ་དང་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་བཏང་སྟེ་སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་ལེན་ཏན་ཏིག་བྱེད་དགོས་པ། བཞི་ནས་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རིག་གནས་ཐོན་ལས་དང་ཡུལ་སྐོར་ལས་རིགས་མཉམ་མཐུན་ཡོང་བར་སྐུལ་མ་གཏོང་བ། གངས་ལྗོངས་ས་མཐོའི་ཁྱད་ཆོས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་ལྡན་པའི་བཟོ་རྩལ་དངོས་པོ་གསར་སྤེལ་ཤུགས་ཆེན་བྱེད་པ་བཅས་ཀྱི་ཐོག་ནས་བོད་ཀྱི་གཟུགས་བཪྙན་གྱི་ཚབ་བྱེད་ཐུབ་པ་དང་བོད་ཀྱི་ཁྱད་ཆོས་མཚོན་ལ་སྤུས་ཚད་ངེས་ཅན་ལྡན་པ་དང་གཉེར་འཚོང་རིན་ཐང་ལྡན་པའི་གྲགས་ཅན་རིག་གནས་སྤུས་རྟགས་ཁག་གཅིག་ཧུར་ཐག་བཏོད་དེ་དཔལ་འབྱོར་གྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས་པ། ལྔ་ནས་བོད་དང་འབྲེལ་བ་ཡོད་པའི་གླེང་ཕྱོགས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པའི་གླེང་མང་བའི་གནད་དོན་དང་ཏཱ་ལའི་རུ་ཚོགས་ཀྱིས་སྤེལ་བའི་ཁྲེལ་མེད་གཏམ་འཆལ་སྣ་ཚོགས་ལ་དམིགས་ནས་མདུང་རྩེ་ཁ་སྤྲོད་ཀྱིས་གླེང་ཕྱོགས་ཀྱི་འཐབ་རྩོད་བྱེད་དགོས་པ་དང་འཕྲལ་སྡོམ་འཕྲིན་སྤེལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང “ནང་དུ་གདན་དྲངས་ཤུགས ”དང “ཕྱིར་སྐྱོད་ཤུགས ”ཆེ་རུ་བཏང་སྟེ་དངོས་དངོས་རྗེན་རྗེན་དང་། གྲ་རྒྱས་པ། འཕེལ་རྒྱས་ཆེ་བ། ཡར་རྒྱས་ཆེ་བ། འགྱུར་ལྡོག་ཆེ་བ་བཅས་ཀྱི་བོད་ལྗོངས་འཛམ་གླིང་སྐྱེ་བོ་ཀུན་ལ་ངོ་སྤྲོད་བྱས་ནས་རང་རེར་ཕན་ཐོགས་ཡོད་པའི་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་ཁོར་ཡུག་གཏོད་དགོས་པ། དྲུག་ནས་ཀྲུང་དབྱང་གིས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་ཡག་པོ་སྤྱད་དེ་ཀྲུང་དབྱང་དྲིལ་བསྒྲགས་བསམ་བློའི་རིག་གནས་སྡེ་ཚན་དང་མཐུད་འབྲེལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཁ་གཏད་བོད་སྐྱོར་རིག་གནས་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་གང་མགྱོགས་བཙུགས་ནས་སྟོབས་ཆེའི་མཉམ་ཤུགས་ཤིག་ཆགས་པ་བྱས་ཐོག་བོད་ཀྱི་རིག་གནས་འཛུགས་སྐྱོང་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།