ཟླ་7ཚེས་18ཉིན་བོད་དུ་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁྲང་ཁྲུན་གྱིས་ལྷ་སར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་ལ་བྱམས་བརྩེའི་ངང་གཟིགས་པར་ཕེབས་པ།
ཟླ་7ཚེས་18ཉིན་བོད་དུ་ལས་དོན་ལ་གཟིགས་ཞིབ་གནང་བར་ཕེབས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁྲང་ཁྲུན་གྱིས་ལྷ་སར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་ལ་བྱམས་བརྩེའི་ངང་གཟིགས་པར་ཕེབས་པ་རེད།
ལྷན་དུ་རྟོག་ཞིབ་གནང་བར་ཕེབས་པའི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཀྲུང་དབྱང་བོད་ལྗོངས་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲུའུ་ཝུའེ་ཆུན་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཀྲུང་དབྱང་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་ཁྲེན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་རིག་གནས་པུའི་པུའུ་ཀྲང་ཚའེ་ཝུའུ། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་རྒྱལ་ཁབ་རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཚའེ་ཕུའུ་ཁྲའོ་སོགས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དྲུང་ཆེ་བློ་བཟང་རྡོ་རྗེ་བཅས་ལྷན་དུ་གཟིགས་ཞིབ་གནང་བར་ཕེབས་ཡོད་པ་རེད།
ལི་ཁྲང་ཁྲུན་གྱིས་གཟིགས་སྐབས་དང་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་ལ་བྱམས་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་བ་རེད། ལི་ཁྲང་ཁྲུན་གྱིས་ད་རེས་བོད་དུ་ཡོང་ནས་གངས་ལྗོངས་ས་མཐོའི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། རིག་གནས་དར་རྒྱས། མི་རིགས་མཐུན་སྒྲིལ། མཐའ་མཚམས་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོད་པ་མཐོང་བྱུང་བས་སེམས་འགུལ་ཆེན་པོ་ཐེབས་བྱུང་། བོད་ཀྱི་ལག་ལེན་གྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བོད་ལྗོངས་གསར་པ་ཡང་མེད་པའི་གཞོམ་ཞིག་བྲལ་བའི་བདེན་དོན་གསལ་སྟོན་གང་ལེགས་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་པ། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་ཀྱི་ཡང་དག་རང་བཞིན་ར་སྤྲོད་གང་ལེགས་བྱས་པ། བོད་ཀྱི་སྐབས་རིམ་བྱུང་གི་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་གྱི་གྲུབ་འབྲས་གཟེངས་སུ་ཐོན་པ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་མཁྲེགས་གཏོར་དཀའ་སེལ་བྱེད་པའི་བསམ་པའི་ཉམས་འགྱུར་བཅས་གང་ལེགས་མཚོན་ཡོད་པ་རེད་ཅེས་གསུངས་པ་རེད།
ལི་ཁྲང་ཁྲུན་གྱིས་ཀྲུའུ་ཞི་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་དུས་ཡུན་རིང་པོའི་ནང་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱི་གོ་གནས་བཞེས་པ་དང་རང་རེའི་ཏང་གིས་གསོ་སྐྱོང་བྱས་པའི་ཕུལ་དུ་བྱུང་བའི་མི་རིགས་ཀྱི་ལས་བྱེད་པ་ཞིག་རེད། དུས་ཡུན་རིང་པོའི་ནང་བོད་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་སོགས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཚང་མར་རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་མི་སྣར་མཐུན་སྒྲིལ་སྣེ་འཁྲིད་གནང་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། བོད་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ཀྱི་ཆེད་དུ་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་བཏོན་གནང་ཡོད་ཅེས་གསུངས་ཤིང་། ལི་ཁྲང་ཁྲུན་གྱིས་ད་དུང་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་ཚེ་རིང་ནད་མེད་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་སྙིང་ཐག་པ་ནས་ཞུས་པ་རེད།
འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་བྱམས་བརྩེའི་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་ལི་ཁྲང་ཁྲུན་གྱིས་གཟིགས་པར་ཕེབས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ན་ནིང་ནས་བཟུང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་བོད་ལྗོངས་ལས་དོན་མཐུན་སྦྱོར་ཚོགས་ཆུང་དང་ཀྲུང་དབྱང་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་གིས་གསལ་སྟོན་གནང་བའི “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ལ་དམ་པོར་བསྟུན་པ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྒྲུབ་པ། དཔལ་འབྱོར་དང་སྤྱི་ཚོགས་དེ་བས་ལེགས་པ་དང་། དེ་བས་མྱུར་པ། དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ་བཅས་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་སུ་ཕྱིན་པ་བཅས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་རམ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་བཅས་ལས་བྱུང་བ་ཞིག་རེད་ཅེས་གསུངས་པ་རེད། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་གི་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་ཁོ་ནས་མ་གཏོགས་བོད་འདིར་དུས་ཐུང་ལོ་བཅུ་ཕྲག་རིང་སྟོང་ལོ་བརྒལ་བའི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ངོ་མཚར་གཏོད་མི་ཐུབ་པ་དང་། རང་རེའི་ཏང་དང་རྒྱལ་ཁབ་ཀྱིས་ལག་ལེན་བསྟར་བའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་མི་རིགས་དང་ཆོས་ལུགས་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་བཅས་ལག་ལེན་གྱི་ཐོག་ནས་ར་སྤྲོད་གང་ལེགས་བྱུང་ཡོད། བོད་མི་དམངས་ཀྱིས་རང་ཉིད་ཀྱི་འགྲམ་དུ་བྱུང་བའི་འགྱུར་ལྡོག་ཧ་ཅང་ཆེན་པོ་ལས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་མྱོང་ཚོར་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་མྱོང་ཚོར་ཐུབ་པ། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་འགྲན་ཟླ་བྲལ་བའི་དྲོ་སྐྱིད་མྱོང་ཚོར་ཐུབ་པ། སེམས་གཏིང་ནས་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་བ་དང་། རླབས་ཆེན་མེས་རྒྱལ་ལ་ཐུགས་རྗེ་ཆེ་ཞུ་བ། རྒྱལ་ཡོངས་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་བ་བཅས་བྱེད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ཚེ་བོད་ལྗོངས་དེ་བས་དར་རྒྱས་ཡོང་བ་དང་། དེ་བས་ཡར་ཐོན་ཡོང་བ། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལྡན་པ་བཅས་ཡོང་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་ཞི་མཐུན་བརྟན་ལྷིང་མཐའ་འཁྱོངས་བྱེད་པ་བཅས་བྱེད་ཆེད་ང་ཚོས་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཞིག་འབུལ་རྒྱུའི་ཆོད་སེམས་འཇོག་གི་ཡིན་ཞེས་གསུངས་པ་རེད།