དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་ཡོང་རྒྱུར་སྐུལ་མ་ཤུགས་ཆེན་བཏང་སྟེ་མི་རིགས་ཁག་གི་མི་དམངས་མང་ཚོགས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ།
འདི་ནི་ཁྲེན་ཆོན་གོས་ཀོང་པོ་འོ་ལས་ཚད་ཡོད་ཀུང་སིར་འོ་མ་སྐྱེལ་མཁན་གསོ་སྤེལ་དུད་ཚང་སྒྲོལ་གྲུབ་ཁྱིམ་ཚང་གི་ཡོང་འབབ་གནས་ཚུལ་མཁྱེན་རྟོགས་གནང་བའི་གནས་ཚུལ་ཡིན་པ།
འདི་ནི་ཁྲེན་ཆོན་གོས་ས་ཁུལ་གྱི་སྤྱི་ཚོགས་ཕན་བདེ་ཁང་དུ་མི་ཧྲེང་རྒན་རྒོན་དང་དྭ་ཕྲུག་གི་འཚོ་བའི་གནས་ཚུལ་ཤེས་རྟོགས་གནང་བཞིན་པའི་གནས་ཚུལ་ཡིན་པ།
ཟླ་7ཚེས་14ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་སྔ་རྗེས་སུ་ཉིང་ཁྲི་ས་ཁུལ་གྱི་མཐོ་རིམ་སློབ་འབྲིང་གཉིས་པ་དང་། ཀོང་པོའི་འོ་ལས་ཚད་ཡོད་ཀུང་སི། ཉིང་ཁྲི་ས་ཁུལ་གྱི་སྤྱི་ཚོགས་ཕན་བདེ་ཁང་བཅས་སུ་བརྟག་ཞིབ་གནང་བར་ཕེབས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་དགོངས་དོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཞུགས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་ཞུགས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཚོགས་འདུ་དང་ཀྲུང་དབྱང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་ཡོང་རྒྱུར་སྐུལ་མ་ཤུགས་ཆེན་བཏང་སྟེ་མི་རིགས་ཁག་གི་མི་དམངས་མང་ཚོགས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་བརྟག་ཞིབ་ལ་ལྷན་དུ་ཕེབས་ཡོད་པ་རེད། ཉིང་ཁྲི་ས་ཁུལ་གྱི་མཐོ་རིམ་སློབ་འབྲིང་གཉིས་པ་དེ་2011ལོའི་ཟླ་བ་བཞི་པར་དངོས་སུ་བསྐྲུན་པ་དང་ད་ཆ་སློབ་ཁང་29དང་སློབ་མ་1674ཡོད་པ་རེད། ཁྲེན་ཆོན་གོ་སློབ་ཁྲིད་ཐོག་བརྩེགས་ཁང་ཆེན་དང་། ཟ་ཁང་། སློབ་གྲྭའི་སྒོ་རྩིས་ཚོང་ཁང་བཅས་སུ་ཕེབས་ནས་སློབ་གྲྭའི་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གནས་ཚུལ་ཐད་རྟོག་ཞིབ་ནན་ཏན་གནང་བ་རེད། མཐོ་རིམ་ལོ་རིམ་དང་པོའི་འཛིན་གྲྭ་ལྔ་པར་སློབ་མ་ཚོ་ཆབ་སྲིད་སློབ་ཚན་འཚོགས་བཞིན་ཡོད། ཁྲེན་ཆོན་གོ་སློབ་མ་ཚོའི་ཁྲོད་དུ་ཕེབས་ནས་ཚང་མ་དང་བྱམས་བརྩེའི་ངང་བཀལ་མོལ་གནང་བ་དང་ཁོང་གིས་ཐུགས་སྣང་གཤིན་པོའི་སྒོ་ནས་སྟར་པ་དང་པོར་ཡོད་པའི་སློབ་མ་སྒྲོལ་དཀར་ལ “ཁྱིམ་ཚང་གང་ནས་ཡིན་ནམ།
‘འགན་ལེན་གསུམ ’གྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་ངམ། ཁྱོད་སློབ་གྲྭར་གཏོང་བའི་ཐད་ཁྱིམ་ལ་དཀའ་ངལ་ཡོད་དམ ”ཞེས་བཀའ་འདྲི་གནང་བས་སྒྲོལ་དཀར་གྱིས “ང་རྫ་ཡུལ་རྫོང་ནས་ཡིན། ‘འགན་ལེན་གསུམ ’གྱི་སྲིད་ཇུས་ཡོད་པའི་དབང་གིས་ཁྱིམ་ནས་འགྲོ་སོང་མང་པོ་གཏོང་དགོས་མེད་པ་མ་ཟད་ང་ཚོ་དེ་གར་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་ཐད་ཧ་ཅང་ཡག་པོ་འདུག ”ཅེས་ཞུས། ཁྲེན་ཆོན་གོས་སློབ་མ་ཚོར་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱེད་པ་དང་། འཇོན་ཐང་ཆེ་རུ་གཏོང་བ། གཟུགས་པོར་སྦྱོང་བརྡར་བྱེད་པ། བྱང་ཚད་མཐོ་རུ་གཏོང་བ། དད་སེམས་བརྟན་དུ་གཏོང་བ་བཅས་བྱེད་པ་དང་ཆེན་པོ་ཆགས་རྗེས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་དང་རླབས་ཆེན་མེས་རྒྱལ་འཛུགས་སྐྲུན་བྱ་ཕྱིར་ལེགས་སྐྱེས་འབུལ་དགོས་པའི་ལྕག་སྐུལ་བཏང་གནང་བ་རེད།
ཁྲེན་ཆོན་གོས་འཆད་ཁྲིད་ཐོག་ཡོད་པའི་དགེ་རྒན་ལིའུ་ནར “དགེ་རྒན་ནི་མིའི་རིགས་ཀྱི་བསམ་པའི་བཟོ་བཀོད་པ་ཞིག་ཡིན་པས་ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཚང་མས་དཀའ་སྤྱད་འབད་བརྩོན་གྱིས་ལས་ཀ་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚང་མས་ལས་གཅེས་ལས་བཀུར་དང་། སློབ་སྦྱོང་ལ་གཟབ་ནན་ངང་བརྩོན་པ། སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་བསྐྲུན་ཕྱིར་ཚད་ལོན་པའི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུའི་རེ་བ་ཡོད ”ཅེས་གསུངས་པ་རེད།
སློབ་ཁང་ནས་ཕེབས་སྐབས་སློབ་གྲོགས་ཚོ་ལུས་རྩལ་སློབ་ཚན་འཚོགས་བཞིན་ཡོད་པ་གཟིགས། ཁྲེན་ཆོན་གོ་ཡིས་ཚང་མའི་ཁྲོད་དུ་ཕེབས་ཏེ་བྱམས་བརྩེའི་ངང་ཁོང་ཚོར “སློབ་གྲོགས་ཚོ་སྐུ་ཁམས་བཟང་། ཁྱེད་ཚོ་ཕ་ཡུལ་གང་ནས་ཡིན་ནམ ”ཞེས་བཀའ་འདྲི་གནང་སྐབས་སློབ་གྲོགས་ཚོས “ང་སྤོ་བོ་ནས་ཡིན། ང་རྫ་ཡུལ་ནས་ཡིན། ང་མངའ་རིས་ནས་ཡིན ”ཞེས་གཅིག་མཇུག་གཉིས་མཐུད་ངང་ལན་བརྒྱབ། ཁྲེན་ཆོན་གོས “ཁྱེད་ཚོ་འདི་གར་སློབ་སྦྱོང་དང་འཚོ་བ་གང་འདྲ་འདུག་གམ། རང་སྐྱོང་ལྗོངས་ཀྱིས་བཏོན་པའི་སྐྱེ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་གྱི་སློབ་ཐོན་སློབ་མ་ཚང་མ་ལས་ཞུགས་ཐུབ་པ་བྱེད་པའི་སྲིད་ཇུས་ཤེས་བྱུང་ངམ ”ཞེས་བཀའ་འདྲི་གནང་བར་སློབ་མ་ཚོས “འདི་གར་སློབ་སྦྱོང་དང་འཚོ་བ་ཚང་མ་ཡག་པོ་འདུག་ལ་ཧ་ཅང་སྐྱིད་པོའང་འདུག སྐྱེ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་ཚང་མ་ལས་ཞུགས་ཐུབ་པ་བྱེད་པའི་སྲིད་ཇུས་ང་ཚོས་ཤེས་རྟོགས་བྱུང་བས་སྐུལ་མ་ཆེན་པོ་ཐེབས་བྱུང ”ཞེས་ལན་བརྒྱབ། ཁྲེན་ཆོན་གོས “ངེས་པར་དུ་ད་ཆའི་གོ་སྐབས་བཟང་པོར་གཅེས་སྤྲས་བྱས་ཏེ་ཤེས་བྱ་སློབ་སྦྱོང་ཡག་པོ་བྱེད་པ་དང་གཟུགས་པོར་སྦྱོང་བརྡར་ཡག་པོ་བྱས་ནས་སྤྱོད་ཤེས་ལུས་མཛེས་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་མཁན་གྱི་སློབ་མ་བཟང་པོ་ཞིག་ཧུར་ཐག་བྱས་ཐོག་རྒྱལ་ཁབ་ཀྱི་རྐང་འཛིན་མི་སྣ་ཞིག་ཏུ་འགྱུར་བ་བྱས་ཏེ་རྒྱལ་ཁབ་ལ་དྲིན་ལན་འཇལ་ཐུབ་པ་བྱེད་པ་མ་ཟད་ཕ་མ་ལའང་དྲིན་ལན་འཇལ་ཐུབ་པ་བྱེད་དགོས ”ཞེས་གསུངས་པ་རེད།
ཕྱིར་ལོག་གནང་ཁར་ཁྲེན་ཆོན་གོས་སློབ་གྲྭའི་འགན་འཁུར་བློ་མཐུན་ལ་ངེས་པར་དུ་སློབ་གྲྭའི་ཏང་འཛུགས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཏང་ཡོན་སློབ་མ་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་གཞི་རིམ་རྩ་འཛུགས་ཡག་པོ་དང་སྟོབས་ཆེན་སྐྲུན་ཏེ་སློབ་མ་ཚོར་ཆུང་དུས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་སྙེག་པ་བཅས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་དགོས་པའི་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།
ཉིང་ཁྲི་ས་ཁུལ་སྤྱི་ཚོགས་ཕན་བདེ་ཁང་ནི་དྭ་ཕྲུག་གསོ་ཉར་དང་མི་ཧྲེང་རྒན་རྒོན་ལ་བསྙེན་བཀུར་ཞུ་མཁན་གྱི་སྤྱི་ཚོགས་ཕན་བདེའི་ཚན་པ་ཞིག་ཡིན་པས་ད་ཆ་དྭ་ཕྲུག་26དང་མི་ཧྲེང་རྒན་རྒོན་8གསོ་ཉར་བྱས་ཡོད། ཁྲེན་ཆོན་གོས་ཕན་བདེ་ཁང་གི་ཟ་ཁང་དང་ཉལ་ཁང་དུ་ཕེབས་ཏེ་ཚལ་ཐོ་དང་ཉལ་ཆས་སོགས་ལ་གཟིགས་ནས་བྱམས་བརྩེའི་ངང་རྒན་རྒོན་དང་ཕྲུ་གུ་ཚོའི་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཐོག་སོ་གཉིས་པའི་བྱེད་སྒོ་ཁང་ནང་ཁྲེན་ཆོན་གོས་ཚང་མ་དང་མཉམ་དུ་སྒོར་སྒོར་བྱས་ཏེ་བཞུགས་ནས་བྱམས་བརྩེའི་ངང “ཁྱེད་རང་ལོ་ག་ཚོད་ཡིན་ནམ། འདི་གར་འཚོ་བ་གང་འདྲ་འདུག ”ཞེས་བཀའ་འདྲི་གནང་སྐབས “ང་འདི་ལོ་ལོ་59ཡིན། ང་ལོ་81ཡིན། ཕན་བདེ་ཁང་གི་སྒྲིག་ཆས་ཆ་ཚང་པོ་ཡོད་པ་མ་ཟད་ལས་དོན་མི་སྣ་ཚོས་ལྟ་རྟོག་ཡག་པོ་གནང་གི་འདུག འདི་གར་འཚོ་བ་ཡག་པོ་འདུག་ལ་གྱོན་གོས་དང་སྡོད་གནས་ཀྱང་ཡག་པོ་འདུག ”ཞེས་རྒན་རྒོན་ཚོས་གཅིག་རྗེས་གཉིས་མཐུད་ངང་ཁྲེན་ཆོན་གོར་ཞུས་པས་ཁོང་གིས “ཁྱེད་ཚོ་འདི་གར་ལྟ་རྟོག་ཡག་པོ་ཐོབ་པ་དང་འཚོ་བ་སྐྱིད་པོ་ཡོད་པ་མཐོང་སྐབས་ང་བློ་བདེ་པོ་བྱུང ”ཞེས་གསུངས་པ་རེད།
ཁྲེན་ཆོན་གོས་འཁྲིས་སུ་ཡོད་པའི་ཚེ་རིང་ཆུང་ཆུང་པང་ཁར་བཞེས་གནང་སྟེ་ཐུགས་ཁུར་ཆེན་པོའི་སྒོ་ནས “ལོ་ག་ཚོད་ཡིན་ནམ། འདི་གར་འཚོ་བ་སྐྱིད་པོ་འདུག་གམ ”ཞེས་བཀའ་འདྲི་གནང་སྐབས་ཚེ་རིང་ཆུང་ཆུང་གིས “ང་ལོ་6ཡིན། འདི་གར་ཨ་ཁུ་ལགས་དང་ཨ་ཅག་ལགས་ཚོ་ཚང་མ་ཡག་པོ་འདུག་པས་འཚོ་བ་ཧ་ཅང་སྐྱིད་པོ་འདུག ”ཞེས་བརྗོད་སྐབས་ཁྲེན་ཆོན་གོས་ཐུགས་ཁུར་ཆེན་པོའི་སྒོ་ནས “ཕྲུ་གུ་ཚོ། མ་གཞི་ཁྱེད་ཚོ་ཆུང་དུས་ནས་ཕ་མ་མེད་པར་གྱུར་པ་དང་ཁྱིམ་ཚང་མེད་པར་གྱུར་ཡོད་རུང་ཁྱེད་ཚོ་གྲོགས་མེད་ཁེར་རྐྱང་མ་ཡིན་པར་ཕན་བདེ་ཁང་ནི་ཁྱེད་ཚོའི་ཁྱིམ་ཚང་ཡིན་པ་དང་ཏང་དང་སྲིད་གཞུང་གིས་ནམ་ཡང་ཁྱེད་ཚོ་སེམས་ནང་འཇོག་གི་ཡོད་པས་ཁྱེད་ཚོ་གནམ་འོག་གི་བྱིས་པ་ཚང་མ་དང་འདྲ་བར་དགའ་སྤྲོ་དང་བདེ་ཐང་ངང་འཚར་ལོངས་ཡོང་ཐུབ ”ཅེས་གསུངས་པ་རེད།
ཁྲེན་ཆོན་གོས་ད་དུང་རྒན་རྒོན་དང་བྱིས་པ་ཚོར་འཚམས་འདྲིའི་དངུལ་དང་དངོས་པོ་གནང་བ་རེད།
ཁྲེན་ཆོན་གོས་ཕན་བདེ་ཁང་གི་འགན་འཁུར་བར་ཁྱེད་ཚོ་བུ་མོ་ཡག་པོ་ཞིག་བྱེད་དགོས་ལ་ཨ་མ་ཡག་པོ་ཞིག་ཀྱང་བྱེད་དགོས་པས་ལས་ཀ་ཧ་ཅང་དཀའ་ལས་ཁག་པོ་རེད། རེ་བར་ཁྱེད་ཚོས་ཡང་འབད་བསྐྱར་འབད་ཀྱིས་ལས་དོན་ཁག་ཞིབ་ཚགས་དང་དྲོ་སྐྱིད་ལྡན་པ་ཞིག་སྒྲུབ་ནས་རྒན་རྒོན་ཚོ་གཟུགས་པོ་ཐང་པོ་དང་སེམས་སྐྱིད་པོ་ཡོང་བ་བྱེད་དགོས་ལ་བྱིས་པ་ཚོ་ཡང་འཚོ་བ་ཡག་པོ་དང་སློབ་སྦྱོང་ཡག་པོ་ཡོང་བ་བྱས་ནས་ཁོང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
ཉིང་ཁྲི་ས་ཁུལ་ཀོང་པོ་འོ་ལས་ཚད་ཡོད་ཀུང་སི་ནི་འོ་མ་སོས་པ་དང་འོ་མ་སྙོལ་བ་དང་དེ་བཞིན་འོ་མའི་འཐུང་བྱ་བཟོ་མཁན་གྱི་ཁེ་ལས་ཤིག་ཡིན་པ་དང་ཉིན་རེར་འོ་མ་སོས་པ་ཏུན་42ཐོན་པ་བྱེད་ཀྱི་ཡོད། ཀུང་སིའི་འོ་བསྡུའི་འཁོར་ཁང་ནང་ཁྲེན་ཆོན་གོས་ཐུགས་ཁུར་ཆེན་པོའི་སྒོ་ནས་འོ་མ་སོས་པ་འཚོང་མཁན་བཞོན་མ་གསོ་ཚགས་དུད་ཚང་གྲོ་གྲོ་ལ “ཁྱིམ་དུ་བཞོན་མ་ག་ཚོད་ཡོད་དམ། འོ་མ་སོས་པ་རྒྱ་མ་གང་ལ་རིན་གོང་ག་ཚོད་ཡིན་ནམ ”ཞེས་བཀའ་འདྲི་གནང་སྐབས་ཁོང་གིས “ཁྱིམ་ལ་བཞོན་མ་གཅིག་ཡོད། ཉིན་རེར་འོ་མ་རྒྱ་མ་20ཐོན་གྱི་འདུག འོ་མ་རྒྱ་མ་རེར་སྒོར་3རེད ”ཅེས་ཞུས། ཟུར་དུ་ཡོད་པའི་ཁེ་ལས་ཀྱི་འགན་འཁུར་བས “བཞོན་མ་གསོ་ཚགས་དུད་ཚང་གི་ཧུར་སེམས་སྐོང་འཐེན་བྱ་ཆེད་ང་ཚོའི་ཀུང་སིས་བསྡུ་ཉོ་བྱས་པའི་རིན་གོང་ཁྲོམ་ར་ལས་མཐོ་བ་ཡོད ”ཅེས་བཤད། ཁྲེན་ཆོན་གོས་སྣེ་འདྲེན་ཁེ་ལས་ཤིག་གིས་ཐོན་ལས་རེའི་སྣེ་འཁྲིད་དེ་ཕྱོགས་གཅིག་གི་མང་ཚོགས་ཕྱུག་པོ་ཆགས་པ་བྱེད་དགོས་པ་དང་ཁྱད་ལྡན་སྣེ་འདྲེན་ཁེ་ལས་སྟོབས་ཆེན་གསོ་སྐྱོང་ཧུར་ཐག་བྱས་ཏེ “སྣེ་འདྲེན་ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད ”བཅས་ཟུང་དུ་སྦྲེལ་བའི་གཉེར་སྐྱོང་གི་རྣམ་པ་ཁྱབ་གདལ་ཧུར་ཐག་བཏང་སྟེ་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་ཁེ་ལས་འཕེལ་རྒྱས་དང་ཞིང་འབྲོག་པའི་འབབ་འཕར་གཉིས་ཀ་ཡག་པོ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད། ཁྲེན་ཆོན་གོས་ད་དུང་ཁེ་ལས་ཐོན་སྐྱེད་འཁོར་ཁང་དང་། ཞིབ་བཤེར་ཁང་། རྫས་འགྱུར་བརྟག་དཔྱད་ཁང་སོགས་ལ་ལྟ་སྐོར་གནང་བ་དང་ཁེ་ལས་ཐོན་སྐྱེད་ཀྱི་ནུས་པ་དང་། ཁྲོམ་རའི་བྲིན་ཚོང་། སྤུས་ཚད་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཁེ་ལས་ཀྱི་འགན་འཁུར་བར་ངེས་པར་དུ་རྒྱལ་ཁབ་ཀྱི་སྤུས་ཚད་བླང་བྱར་བརྩི་བཀུར་ནན་པོ་ཞུས་ཏེ་སྤུས་ཚད་ལ་བརྟེན་ནས་འཚོ་གནས་ཐུབ་པ་བྱེད་པ་དང་མི་དམངས་མང་ཚོགས་བློ་བདེ་པོ་ཡོང་བ་བྱེད་པའི་ཐོན་ཟོག་ཐོན་སྐྱེད་དང་གཞི་ཁྱོན་སྔར་བས་ཆེ་རུ་བཏང་ནས་སྤུས་རྟགས་སྐད་གྲགས་ཆོད་པ་དང་ཁྲོམ་ར་རྒྱ་ཆེར་བཏང་སྟེ་ཁྱབ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་དང་མི་རིགས་ཁག་གི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་སྐུལ་མ་གནང་བ་རེད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣