བོད་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ།
ཉེ་ཆར་བོད་ལྗོངས་ཀྱི་ས་ཁུལ (གྲོང་ཁྱེར )ཁག་གིས་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་སྐབས་རིག་པ་དྭངས་གསལ་དང་། བསམ་ཕྱོགས་ཁ་གསལ། བྱ་ཐབས་ལེགས་པོ། ལས་དོན་ཏན་ཏིག་བཅས་ཀྱི་སྒོ་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ཆད་ལུས་མེད་པར་དོན་འཁྱོལ་བྱེད་པ་དང་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ་འཕེལ་རྒྱས་དང་བརྟན་ལྷིང་གི་གྲུབ་འབྲས་གསར་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ཚང་མས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།
ཐེན་ཅིན་གྱི་བོད་སྐྱོར་ལས་བྱེད་པ་སྟེང་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧའོ་ཧྲུའུ་མིང་གིས་མི་རིགས་མཐུན་སྒྲིལ་ནི་ཆབ་མདོ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བ་དང་ཡུན་རིང་བདེ་འཁོད་ཡོང་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་ཞིང་། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ལས་ཁུངས་དང་། སྡེ་ཁུལ། གྲོང་གསེབ། སློབ་གྲྭ དགོན་སྡེ། ཁེ་ལས་བཅས་སུ་སྤེལ་ནས “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོ་འཛུཌ་པ་དང་ཀྲུང་ཧྭ་མི་རིགས་ཀྱི་གཏོགས་སེམས་དང་ཀྲུང་ཧྭ་རིག་གནས་ཀྱི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་བཤད་པ་རེད།
སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་ཤུགས་སྣོན་རྒྱག་པའི་ཐད་ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་འཆི་མེད་རིག་འཛིན་གྱིས་ངེས་པར་དུ་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ཏེ་རྒྱལ་གཅེས་རིང་ལུགས་དང་། སྤྱི་ཚོགས་གསར་ཪྙིང་བསྡུར་བ། མི་རིགས་མཐུན་སྒྲིལ་དང “ཁ་འབྲལ་ཐབས་མེད་པ་གསུམ ”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག “མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ ”གཏོད་དགོས་ཤིང་། ཧྲུའུ་ཅི་ཁྲེན་ཆོན་གོས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་དམ་པོར་དམིགས་ཏེ་ཕུགས་བསམ་དད་མོས་དེ་བསམ་བློ་ཆབ་སྲིད་འཛུགས་སྐྱོང་གི་ལྟེ་བར་བརྩིས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དང “ལུའེ་ཧྥུང་གི་སྙིང་སྟོབས ”དར་སྤེལ་གཏོང་བ་དང་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་དང་། དབང་ཆའི་ལྟ་བ། གནས་བབ་ཀྱི་ལྟ་བ། ཁེ་དབང་གི་ལྟ་བ་བཅས་བརྟན་པོ་འཛུགས་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་པ་བཅས་ཀྱི་ཐོག་ནས་ཏང་དང་མི་དམངས་དང་བསམ་བློ་གཅིག་མཐུན་ཡོང་བ་བྱེད་པ་དང་དུས་མཚུངས་རྡུང་རྡེག་ནན་པོ་གཏོང་བའི་ཆེད་དོན་བཅོས་སྐྱོང་བྱ་སྤྱོད་སྔར་བས་ཟབ་ཏུ་བཏང་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་ལམ་སྲོལ་འཛུགས་པ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ་བཅས་ཀྱི་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་བཤད་པ་རེད།
སྣ་དཀར་རྩེ་རྫོང་ལྕང་རགས་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་དམངས་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག (ལྷོ་ཁ་ས་ཨུད་གཞུང་དོན་ཁང་གིས་མངགས )གི་རུ་དཔོན་ཟླ་བ་ཚེ་རིང་གིས “གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཞིག་ཡིན་པའི་ངོས་ནས་ངས་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་ལ་ནན་པོ་གཞིགས་ཏེ་རུ་མི་ཚོའི་སྣེ་འཁྲིད་ནས་ནུས་ཤུགས་ཡོད་རྒུས་བཅའ་སྡོད་གྲོང་ཚོའི “ལས་འགན་ཁག་ལྔ ”ལེགས་པར་བསྒྱུབ་ཀྱི་ཡིན ”ཞེས་བཤད་པ་རེད།
ཉིང་ཁྲི་ས་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཧྲི་ཅུན་གྱིས “ཉིང་ཁྲིའི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲི་ལྕི་བས་མཐའ་གཅིག་ཏུ་བདེ་འཇགས་ལྡན་པ་དང་མངོན་མེད་རྐྱེན་ངན་མེད་པ་བཟོ་བའི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྔ་བར་ཕྱི་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་སྤྱི་ཡོངས་དང་འབྲེལ་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། ཐོག་མཐའ་བར་གསུམ་དུ་ཚད་མཐོའི་ཆབ་སྲིད་ཀྱི་ཚོར་སྐྱེན་དང་འཐབ་རྩོད་ཀྱི་ཚོར་སྐྱེན་རྒྱུན་འཁྱོངས་བྱེད་པ། ཉེན་ཁའི་བསམ་པ་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ། དམ་འཛིན་སྔ་ཙམ་དང་། ཆུང་ས་ནས་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ལེགས་པོ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ‘མི་ཐོན་པ་གསུམ ’འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་ས་ཁུལ་ཕྱོགས་ཡོངས་བརྟན་ལྷིང་དང་། ལོ་ཧྲིལ་པོ་བརྟན་ལྷིང་། རྒྱུན་མཐུད་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས ”ཞེས་བཤད་པ་རེད།
“སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་རྒྱུ་ནི་ང་ཚོའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན ”ཞེས་གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་གྱིས་བཤད། ཁོང་གིས་ཧྲུའུ་ཅི་ཁྲེན་ཆོན་གོའི “ཉེན་བརྡ་རྒྱུན་དུ་སྒྲོག་པ་དང་། དམིགས་ཚད་རྒྱུན་དུ་བསམ་པ། བྱ་ཐབས་རྒྱུན་དུ་དམ་འཛིན། སྔོན་ཇུས་རྒྱུན་དུ་བཟོ་བ། འགན་འཁྲི་རྒྱུན་དུ་འཁུར་བ ”བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་བརྟན་ལྷིང་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་བརྟན་ལྷིང་གི་རྩ་བ་དེ་ནམ་ཡང་དམ་པོར་བཟུང་ནས་ལུས་སྟོབས་དང་སེམས་ཤུགས་མི་ཉམས་པ་དང་། ལས་དོན་སྤེལ་ཤུགས་ཆུང་དུ་མི་གཏོང་བ། ལས་དོན་སྤེལ་རྒྱུར་གཡོ་འགུལ་མི་གཏོང་བ། འགན་འཁྲི་ལྷོད་དུ་མི་གཏོང་བ་བཅས་ཀྱི་ཐོག་ནས་གྲ་སྒྲིག་ཨང་བསར་དང་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་བྱེད་དགོས་ཞེས་བཤད་པ་རེད།
མངའ་རིས་ས་ཁུལ་སྒར་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་བཅས་ཡིན་པའི་ཞུས་ཅི་ཝུན་གྱིས “མཐའ་མཚམས་རྫོང་ཞིག་ཡིན་པའི་སྒར་རྫོང་གིས ‘བོད་ཤར་རྒྱུད་ཀྱི་ལྟེ་བའི་རྫོང་གྲོང་དང་། མངའ་རིས་ས་ཁུལ་གྱི་དཔལ་འབྱོར་སྟོབས་ཆེའི་རྫོང་། མཐའ་མཚམས་དཔེ་སྟོན་རྫོང ’བཅས་སུ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཆེན་པོ་གསུམ་གྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་ཕྱོགས་གསུམ་གྱི་ཐད་ནས་སྒར་རྫོང་གི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱ་རྒྱུ་ཡིན་པ་སྟེ། གཅིག་ནས་དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། གཉིས་ནས་མཐའ་མཚམས་རྒྱུད་ཀྱི་དོ་དམ་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་པ། གསུམ་ནས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན ”ཞེས་བཤད་པ་རེད།
ཀྲུང་གུང་ལྷ་ས་གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་སྐབས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་དུས་བབ་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། བསམ་བློ་གཅིག་གྱུར་ཡོང་བ། ངོས་འཛིན་གཏིང་ཟབ་ཐུབ་པ། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ་བཅས་ཀྱི་སྒོ་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་སྤྱི་ཡོངས་དང་འབྲེལ་བའི་ལས་འགན་གཙོ་བོ་དང་འགན་འཁྲི་ཨང་དང་པོར་བརྩི་དགོས། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་གྲ་སྒྲིག་ཨང་བསར་གྱི་ཐོག་ནས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་དང་འབྲེལ་བའི་མཛུབ་སྟོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས་ཞེས་བཤད་པ་རེད།