དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་140པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་7ཚེས་12ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེངས་140པ་འཚོགས་ནས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལོ་སྟོད་ཀྱི་ལས་ཀའི་གནས་ཚུལ་དང་ལོ་སྨད་ཀྱི་ལས་དོན་བཀོད་སྒྲིག་གི་སྙན་ཞུ་གསན་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སུང་ཧྲན་ལིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲོའུ་ཁྲུན་ལའེ་དང་། ཀྲའོ་ཀྲེང་ཤིའུ། ཨ་བསྟན། མ་རུའུ་ལུང་། རྡོ་རྗེ། ཝུའུ་ཅིན་ཧུའེ་བཅས་ཚོགས་འདུར་ཕེབས་པ་དང་འབྲེལ་ཁྲིམས་ཁང་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

        བྱམས་པ་ཕུན་ཚོགས་ཀྱིས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་གསན་རྗེས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལོ་སྟོད་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་རེད།

        དུས་བབ་གསར་པའི་འོག་ཁྲིམས་ཁང་གི་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུའི་ཐད་བྱམས་པ་ཕུན་ཚོགས་ཀྱིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་མཛུབ་སྟོན་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས “མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་ལྔ ”ཡི་བླང་བྱ་ཁྲིམས་ཁང་ལས་དོན་གྱི་ཕྱོགས་ཁག་གི་ནང་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་གཞུང་དྲང་དང་དྲང་བདེན་གྱི་ཁྲིམས་འཛིན་ཁོར་ཡུག་གཅིག་གཏོད་ནས་ཁྲིམས་འཛིན་ཐད་ནས་འགན་ལེན་ནུས་ལྡན་བྱེད་དགོས་པ་སྟེ། གཅིག་ནས་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུའི་ཐད་བྱས་རྗེས་གསར་པ་འཇོག་དགོས། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་འདྲི་གཅོད་ལས་དོན་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་དམིགས་ཚད་ཆེན་པོའི་ནང་ཁྱབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འདྲི་གཅོད་ལས་དོན་གྱི་འགོ་འཛུགས་གནས་དང་ཟུང་འབྲེལ་བྱེད་གནས་བཙལ་ནས་དཔལ་འབྱོར་འབྲེལ་བ་འདུམ་སྒྲིག་བྱེད་པའི་ནང་གི་འདྲི་གཅོད་ལས་དོན་གྱི་ལེགས་ཆའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ “ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བ ”བཅས་དང “བརྟན་ལྷིང་ཁྲོད་འཕེལ་རྒྱས་མགྱོགས་སུ་གཏོང་བའི ”སྤྱིའི་བླང་བྱར་ཁྲིམས་སྐྱོང་གི་ཁོར་ཡུག་ཧུར་ཐག་གཏོད་པ། ཁྲིམས་ལྟར་དངོས་ཚན་དཔལ་འབྱོར་དང་། དམངས་གཉེར་དཔལ་འབྱོར། གཏེར་ཐོན་ཐོན་ཁུངས་གསར་སྤེལ། རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭའི་འཛུགས་སྐྲུན་སོགས་ཁྱབ་ཁོངས་ནང་ཐོན་པའི་རིགས་ཁག་གི་འགལ་ཟླ་དང་རྩོད་གཞི་ཞིབ་གཅོད་འོས་འཚམ་བྱས་ཏེ་དམངས་གཉེར་ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་ལ་རྒྱབ་སྐྱོར་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་ཞབས་ཞུའི་གཞི་རྟེན་གསར་གཏོད་བྱེད་དགོས་པ་དང་། གཉིས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཐད་འཕེལ་རྒྱས་གསར་པ་ཡོང་བ་བྱེད་དགོས། ཁྲིམས་ཁང་གི་ལས་དོན་དེ་ཐད་ཀར་མི་དམངས་མང་ཚོགས་ལ་ཕྱོགས་པ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཞིག་ཡིན་པས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་འདྲི་གཅོད་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་འཛད་སྤྱོད་དང་། སྡོད་ཁང་། སྨན་བཅོས། ངལ་རྩོལ་ལས་ཞུགས། སྤྱི་ཚོགས་འགན་ལེན་སོགས་ཁྱབ་ཁོངས་ཀྱི་རྩོད་གཞི་ཞིབ་གཅོད་ཡག་པོ་བྱེད་པ་དང་ས་ཆ་བསྡུ་ལེན་དང་སྡོད་ཁང་བཤིག་སྤོ་སོགས་སྲིད་འཛིན་གྱི་རྩོད་གཞི་གཟབ་ནན་ངང་ཐག་གཅོད་བྱས་ཏེ་མང་ཚོགས་ཀྱི་དོན་དངོས་དང་དཀའ་གནད་ནན་ཏན་སེལ་དགོས་པ་དང་གྱོད་དོན་ཐོ་འགོད་དང་། ཡིག་འབུལ་ངོ་བཅར། ལག་བསྟར། མི་དམངས་ཁྲིམས་ཁང་སོགས་སྐར་ཁུང་སྡེ་ཚན་གཙོ་གནད་དུ་བྱས་ནས་དམངས་ཕན་གྱི་གཏུག་བཤེར་བྱེད་ཐབས་དེ་བས་མང་པོ་བཏོན་ཏེ་ཁྲིམས་འཛིན་ཤེས་དཔལ་དང་ཐུགས་ཁུར་མངོན་པ་བྱས་ཐོག་གྱོད་གཞི་གཉེར་བའི་སྤྱི་ཚོགས་ཀྱི་ཕན་འབྲས་མཐོ་རུ་ཧུར་ཐག་གཏོང་དགོས་པ། གསུམ་ནས་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་བྱེད་ཐབས་གསར་པ་ཡོད་དགོས། བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྐྲུན་པའི་དམིགས་ཚད་དེར་དམ་པོར་དམིགས་ནས་རང་འགུལ་ཁྲིམས་འཛིན་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྣོད་བཅུད་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་འཚམ་པའི་འདྲི་གཅོད་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། འདྲི་གཅོད་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། ཁྲིམས་ལྟར་ཁོར་ཡུག་སྲུང་སྐྱོང་གི་སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འགན་ནུས་སྒྲུབ་རྒྱུར་རྒྱབ་སྐྱོར་དང་ལྟ་སྐུལ་བྱེད་པ། མི་དང་རང་བྱུང་ཞི་མཐུན་མཉམ་གནས་ཀྱི་སྤྱི་ཚོགས་ཧུར་ཐག་སྐྲུན་པ་བཅས་བྱས་ཏེ་སྣོད་བཅུད་བཟང་བའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་ཁྲིམས་འཛིན་ཐད་ནས་འགན་ལེན་དང་ཞབས་འདེགས་ཡག་པོ་ཞུ་དགོས་པ། བཞི་ནས་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་སྲུང་སྐྱོང་ཐད་ལེགས་སྐྱེས་གསར་པ་འབུལ་དགོས། ལྗོངས་ཡོངས་ཀྱི་ལས་དོན་སྤྱི་ཡོངས་ཀྱི་མཐོ་ཚད་འཐབ་ཇུས་ཐོག་ལངས་ནས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཨང་དང་པོ་ནན་ཏན་ངང་སྒྲུབ་པ། བརྟན་ལྷིང་སྲུང་སྐྱོང་གི་འབྱུང་རྩ་དང་རྨང་གཞིའི་ལས་དོན་ཏན་ཏིག་ངང་སྒྲུབ་པ། ལྷུག་ནན་ཟུང་འབྲེལ་ཉེས་དོན་སྲིད་ཇུས་ལག་བསྟར་ནན་ཏན་བྱེད་པ་བཅས་ཀྱི་ཐོག་ནས་གང་ཐུབ་ཅི་ཐུབ་ཀྱིས་སྤྱི་ཚོགས་ཀྱི་འགྲན་རྒོལ་ཉུང་དུ་གཏོང་དགོས་པ། ལྔ་ནས་ཁྲིམས་དཔོན་དཔུང་ཁག་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས། ལས་བྱེད་ཉེན་རྟོག་པ་ཁྲིམས་འཛིན་གྱི་རྒྱུགས་ལེན་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་ཏེ་ཁྲིམས་དཔོན་ལས་བྱེད་ཉེན་རྟོག་པའི་ཁྱོན་ཡོངས་ཀྱི་ལས་སྒོའི་ཆུ་ཚད་མཐོ་རུ་བཏང་ནས “གྱོད་གཞི་མང་བ་དང་མི་སྣ་ཉུང་བ ”དང་ཁྲིམས་དཔོན་དཀོན་པའི་མངོན་གསལ་འགལ་ཟླ་ཞི་ལྷོད་དུ་གཏོང་དགོས་པ་དང་འབྲེལ་ལས་སྒོའི་ནུས་པ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

        ཡོན་ཀྲང་ནོར་བུ་དོན་གྲུབ་ཀྱི་མངགས་བཅོལ་ལྟར་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་དབང་ལིའུ་གོས “གནད་དོན་གསུམ་མི་ཐོན་པ་བྱ་རྒྱུ ”ནུས་ཤུགས་ཡོད་རྒུས་འགན་ལེན་ནུས་ལྡན་བྱེད་པ་དང་། “བརྟན་ལྷིང་ཁྲོད་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུ ”ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ། “དམངས་ཕྱུག་བོད་དར ”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། “རྩ་སྲ་དམངས་བརྟན ”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་སོགས་ཕྱོགས་བཞིའི་ཐད་ནས་ལྗོངས་ཡོངས་ཀྱི་ལོ་སྟོད་ཀྱི་ཁྲིམས་ཁང་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་དང་འབྲེལ་ལོ་སྨད་ཀྱི་ལས་ཀའི་བསམ་ཕྱོགས་ཀྱང་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།