དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་ནང་དྲོད་རླངས་གཏོང་བའི་ལས་གྲྭ་འཛུགས་སྐྲུན་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་7ཚེས་12ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་ནང་དྲོད་རླངས་གཏོང་བའི་ལས་གྲྭ་འཛུགས་སྐྲུན་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ཤིང་། ཁོང་གིས་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་སྒུལ་ཤུགས་སུ་བརྩི་བ་དང་། ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱི་གྲུབ་འབྲས་ཐོབ་པའི་བྱ་ཐབས་ལ་དཔེ་བལྟ་བ། ལས་གྲྭའི་ཚན་རིག་རང་བཞིན་ཆེ་རུ་གཏོང་བ། ལས་གྲྭ་འཛུགས་སྐྲུན་གྱི་ལས་དོན་ཁག་མགྱོགས་པོ་སྤེལ་བ་བཅས་ཀྱི་སྒོ་ནས་ལྷ་ས་གྲོང་ཁྱེར་ནང་དྲོད་རླངས་གཏོང་བའི་ལས་གྲྭ་དེ་སྤུས་ལེགས་ཀྱི་ལས་གྲྭ་དང་ལས་གྲྭ་རྩེ་གྲ་ཞིག་ཏུ་བསྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀུང་ཕུའུ་ཀོང་། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཁོངས་མི་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཅིན་ཧྲི་ཤུན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

        ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་བཅས་ཀྱིས་བོད་ཀྱི་ལས་བྱེད་མང་ཚོགས་ཚོའི་དགུན་དུས་ཀྱི་དྲོད་སྲུང་གནད་དོན་ཐད་ཐུགས་ཁུར་གཟབ་བཞེས་གནང་གི་ཡོད་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལི་ཁེ་ཆང་གིས་ཀྱང་ལྷ་ས་གྲོང་ཁྱེར་ནང་དྲོད་རླངས་གཏོང་བའི་གནད་དོན་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དེ་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་ལྗོངས་ཀྱི་ལས་བྱེད་མང་ཚོགས་ཚོར་ཐུགས་ཁུར་དམིགས་བསལ་གནང་བ་མཚོན་ཐུབ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་དྲོད་རླངས་གཏོང་བའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཞིབ་འཇུག་ནན་ཏན་བྱས་ཏེ་རིགས་པས་ཁུངས་སྐྱེལ་གྱི་དུས་འགོའི་ལས་དོན་ཧུར་ཐག་སྤེལ་བ་རེད། བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་ཧྲུའུ་ཅི་ཁྲེན་ཆོན་གོ་སྐུ་ངོ་མས་མཐུན་སྦྱོར་ཡོང་བར་སྐུལ་འདེད་བཏང་སྟེ་ལྷ་ས་གྲོང་ཁྱེར་དུ་འདི་ལོ་དགུན་དུས་དྲོད་རླངས་གཏོང་ཁྱོན་40%ཟིན་པ་དང་། དུས་སང་དྲོད་རླངས་གྲོང་ཁྱེར་ཡོངས་སུ་ཁྱབ་ཐུབ་པའི་དམིགས་ཚད་བཏོན་ནས་ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་གཏོང་བའི་ལས་གྲྭར་སྐུལ་འདེད་གཏོང་ཆེད་བླང་བྱ་ཁ་གསལ་དང་དམིགས་ཚད་ཞིབ་ཅིང་ཕྲ་བ་བཏོན་ཡོད། ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་ཀྱང་མཆན་བཀོད་མཛུབ་སྟོན་ཞིབ་ཕྲ་ཐེངས་མང་གནང་སྟེ་ཚན་རིག་དང་མཐུན་པའི་འཆར་འགོད་བཟོ་བ་དང་དུས་ཚོད་དམ་འཛིན་གྱིས་ལས་གྲྭ་ལག་ལེན་བསྟར་ནས་འཛུགས་སྐྲུན་གྱི་དམིགས་ཚད་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་ནང་དྲོད་རླངས་གཏོང་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོགས་ཆུང་དང་ལྷ་ས་གྲོང་ཁྱེར་དུ་དྲོད་རླངས་གཏོང་བའི་ཚོད་ལྟའི་ལས་གྲྭ་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ལས་དོན་ཁག་ལ་སྐུལ་འདེད་བརྟན་པོ་དང་ཏན་ཏིག་བཏང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གདེང་འཇོག་གང་ལེགས་ཐོབ་ཡོད་ཅེས་གསུངས་པ་རེད། ཝུའུ་དབྱིང་ཅེས་འབྲེལ་ཡོད་སྡེ་ཚན་དང་ཨར་སྐྲུན་ཚན་པ་ཁག་གིས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། འདུ་ཤེས་བསྒྱུར་བ། ལས་ཆོད་ཆེ་རུ་གཏོང་བ། འཆར་འགོད་ཞིབ་ཚགས་བཟོ་བ། ལུགས་མཐུན་ཨར་སྐྲུན་བྱེད་པ་བཅས་ཀྱི་ཐོག་ནས་རྩེ་གྲ་དང་། ཞིབ་ཕྲ། ནན་པ། དོན་དངོས་བཅས་རྣམ་གྲངས་ལག་ལེན་བསྟར་བའི་ལྷུ་ཚིགས་ཁག་གི་ཁྲོད་ཁྱབ་པ་བྱས་ཏེ་ལྷ་ས་གྲོང་ཁྱེར་དུ་དྲོད་རླངས་གཏོང་བའི་ལས་གྲྭ་དེ་ཕུལ་བྱུང་ལས་གྲྭ་དང་ལས་གྲྭ་རྩེ་གྲ་ཞིག་ཏུ་བསྐྲུན་པ་དང་། སྙན་སེང་འབྲེལ་མཐུད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་རྒྱལ་ནང་གི་དྲོད་རླངས་གཏོང་བའི་རིགས་གཅིག་མཁས་ཅན་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ལས་གྲྭའི་འཆར་འགོད་ཚན་རིག་དང་མཐུན་པ་དང་། ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་གཏོང་བའི་དགོས་མཁོ་དང་བདེ་འཇགས་བེད་སྤྱོད་དང་འཚམས་པ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

        ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་དུ་དྲོད་རླངས་གཏོང་བའི་ལས་གྲྭ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ལ་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་རྨང་གཞིའི་རང་བཞིན་གྱི་ལས་གྲྭ་ཞིག་ཀྱང་ཡིན། ལས་གྲྭ་འཛུགས་སྐྲུན་ཁྲོད་ཀྱི་དོན་ཆུང་ཚང་མ་དམ་འཛིན་ལེགས་པར་བྱེད་པ་དང་མང་ཚོགས་ཚོས་དོ་ཁུར་བྱེད་པའི་དོན་དངོས་ཚང་མ་ལེགས་པར་བསྒྲུབས་ནས་འདི་ལོའི་ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་དུ་དྲོད་རླངས་གཏོང་ཁྱོན་40%ཟིན་པའི་དམིགས་ཚད་ལས་འགན་ངེས་པར་དུ་སྒྲུབ་པ་དང་། དུས་སང་ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་ཡོངས་སུ་དྲོད་རླངས་གཏོང་ཐུབ་པ་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱས་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བ་བྱས་ནས་ཏང་གི་བཀའ་དྲིན་བསམ་པ་དང་། ཏང་གི་རྗེས་སུ་འབྲང་བ། ཕྱར་བ་གྲུ་འདེགས་ཀྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་པ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྤྲོ་སེམས་དང་རྟིང་ཤུགས་འཕེལ་བ་བྱས་ཏེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ཚོགས་འདུའི་ཐོག་ཆེ་དགྲ་ལྷ་དང་། ཀུང་ཕུའུ་ཀོང་། ཅིན་ཧྲི་ཤུན་བཅས་ཀྱིས་གོམ་སྟབས་རྗེས་མའི་ལས་དོན་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་དང་། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་དྲོད་རླངས་གཏོང་བའི་ལས་དོན་གྱི་འཕེལ་རིམ་གནས་ཚུལ་སྙན་སེང་ཞུས་པ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་དང་། འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་ཐིང་། རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང། ནུས་རྒྱུ་གཞུང་དོན་ཁང་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བ་ཚོགས་འདུར་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།