ཁྲེན་ཆོན་གོས་ཉིང་ཁྲི་ས་ཁུལ་དུ་བརྟག་ཞིབ་གནང་བ།
ཟླ་7ཚེས་9ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་། དགོན་སྡེ་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པར་འཚམས་འདྲི་གནང་བ། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་གནས་ཚུལ་རྟོག་ཞིབ་དང་མཁྱེན་རྟོགས་བཅས་གནང་ཞིང་། འདི་ནི་ཁྲེན་ཆོན་གོས་བུ་ཆུ་ཤང་སྤྲིན་འཁོར་གྲོང་ཚོའི་གྲོང་མི་ཤི་ལོག་སྒྲོལ་མའི་ཁྱིམ་དུ་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བའི་གནས་ཚུལ་ཡིན་པ།
ཟླ་7ཚེས་9ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་དང་། དགོན་སྡེ་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པར་འཚམས་འདྲི་གནང་བ། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་སྒྲུབ་ཚུལ་ལ་རྟོག་ཞིབ་བཅས་གནང་བ་རེད། འདི་ནི་ཁྲེན་ཆོན་གོ་བླ་མ་གླིང་དགོན་པར་ཕེབས་ནས་དགོན་སྡེར “གཅིག་དྲུག ”སྤེལ་ཚུལ་དང་དགོན་སྡེར “ཡོད་པ་དགུ ”དོན་འཁྱོལ་བྱས་ཚུལ་ཤེས་རྟོགས་གནང་བའི་གནས་ཚུལ་ཡིན་པ།
ཟླ་7ཚེས་9ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་དང་། དགོན་སྡེ་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པར་འཚམས་འདྲི་གནང་བ། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་སྒྲུབ་ཚུལ་ལ་རྟོག་ཞིབ་བཅས་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བློ་བཟང་རྒྱལ་མཚན་དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ཀུའོ་དབྱི་ལི་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་ཡོད་པ་རེད།
ཉིང་ཁྲི་རྫོང་བརྒྱད་གཅིག་གྲོང་རྡལ་འབྲི་གཡག་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཁྲེན་ཆོན་གོས་ལས་འགན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པར་བྱམས་བརྩེའི་ངང་གཟིགས་པ་རེད། ཉེན་རྟོག་ས་ཚིགས་སུ་ཕེབས་ནས་ས་ཚིགས་ནང་གི་དམངས་ཕན་སྒྲིག་བཀོད་དང་། ཉེན་རྟོག་པའི་ཡོ་བྱད་སྣ་ཚོགས། འཕྲིན་གཏོང་དྲ་བ། བཪྙན་མཐོང་ལྟ་འཛིན་སོགས་སྒྲིག་ཆས་ཆ་ཚང་ཡོད་པ་གཟིགས་སྐབས་ཁྲེན་ཆོན་གོ་ཧ་ཅང་མཉེས་པོ་བྱུང་བ་རེད། “ཁྱེད་ཚོའི་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཁོངས་གཏོགས་ཀྱི་ས་རྒྱ་ཇི་ཙམ་ཡོད་དམ། ཁོངས་གཏོགས་སུ་ཐོལ་བྱུང་དོན་རྐྱེན་ཐོན་ཚེ་དུས་ཚོད་ཇི་ཙམ་ནང་འབྱོར་ཐུབ་བམ ”ཞེས་དྲིས་པར “ང་ཚོའི་ས་ཚིགས་ཀྱིས་འགན་འཁུར་བའི་ཁྱབ་ཁོངས་སྤྱི་ལེ་གྲུ་བཞི་མ་0.88ཡོད་པ་དང་གལ་སྲིད་ཐོལ་བྱུང་དོན་རྐྱེན་ཐོན་ཚེ་སྐར་མ་3ནང་ས་ཆ་དངོས་སུ་འབྱོར་ཐུབ ”ཅེས་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་འགན་འཁུར་བ་ཏང་ཁྲེང་གིས་ཞུས་པ་རེད།
ཁྲེན་ཆོན་གོས་ཚང་མར “ཁྱེད་ཚོས་གྲུབ་འབྲས་དར་སྤེལ་དང་། ཡང་འབད་བསྐྱར་འབད། དམངས་ཕན་ཞབས་ཞུ། བརྟན་ལྷིང་སྲུང་སྐྱོང་། ཞི་མཐུན་སྐྲུན་པ་བཅས་ཀྱི་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱུན་གཏན་རང་བཞིན་གྱི་ཕྱོགས་བསྡུས་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། མི་དམངས་མང་ཚོགས་ལ་སྟབས་བདེ་སྐྲུན་པ། ཉེས་གསོག་པ་དང་ཁ་ཕྲལ་བ་ཟིལ་གྱིས་གནོན་པ། ས་ཆ་དེ་ག་ཚོད་འཛིན་དང་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ། ཐོལ་བྱུང་དོན་རྐྱེན་ཐོན་མ་ཐག་དུས་ཚོད་མགྱོགས་ཤོས་ནང་ཁ་གཏད་གཅོག་པ་དང་འཕྲལ་ཐག་ཆོད་པོས་ཐག་གཅོད་བྱེད་ཐུབ་པའི་འགན་ལེན་བྱེད་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ཐོན་མ་ཉིད་དུ་ནུས་ཤུགས་ཡོད་རྒུས་སེལ་བ་བཅས་བྱས་ནས ‘མི་ཐོན་པ་གསུམ ’གྱི་དམིགས་ཚད་མངོན་འགྱུར་དང་། མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བདེ་ཡོང་བ། བོད་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་བཅས་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད ”ཅེས་གསུངས་པ་རེད།
ཉིང་ཁྲི་རྫོང་བུ་ཆུ་ཤང་བླ་མ་གླིང་དགོན་པར་བཅའ་སྡོད་ལས་བྱེད་པའི་གཞུང་ལས་ཁང་དུ་ཕེབས་སྐབས་ཁྲེན་ཆོན་གོས་ཕྱོགས་གཅིག་ནས་དགོན་སྡེར་བཅའ་སྡོད་ལས་བྱེད་པས་བཟོས་པའི་གྲྭ་བཙུན་གྱི་ཡིག་ཚགས་ལ་གཟིགས་པ་དང་ཕྱོགས་གཞན་ཞིག་ནས་དགོན་སྡེར་བཅའ་སྡོད་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། “དགོན་སྡེར་བཅའ་སྡོད་བྱས་ཚུན་ཁྱེད་ཚོས་ལས་དོན་གང་དག་སྒྲུབ་ཡོད་དམ། གྲྭ་བཙུན་རྣམས་ཀྱིས་ཁྱེད་ཚོར་དགའ་བསུ་ཞུ་གི་འདུག་གམ ”ཅེས་ཁྲེན་ཆོན་གོས་དགོན་སྡེར་བཅའ་སྡོད་ལས་བྱེད་པ་ལྷག་པར་བྱམས་བརྩེའི་ངང་དྲིས་པ་རེད། ལྷག་པས “མིག་སྔར་ང་ཚོས་གྲྭ་བཙུན་སྒྲིག་འཛུགས་བྱས་ནས་བླ་མ་སྐྱེས་ཆེན་རིམ་བྱོན་གྱི ‘རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན ’བཅས་གནང་བའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱས་པའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བཞིན་ཡོད་པས་གྲྭ་བཙུན་རྣམས་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་ཧ་ཅང་ཆེན་པོ་འདུག ཡུན་རིང་མ་སོང་གོང་ང་ཚོས་ད་དུང་གྲྭ་བཙུན་རྣམས་རིན་པ་མི་དགོས་པར་གཟུགས་པོ་བརྟག་དཔྱད་བྱས་པ་དང་། ‘གཅིག་དྲུག ’གི་བྱེད་སྒོ་བདེ་བླག་ངང་སྤེལ་བ། ‘ཡོད་པ་དགུའི ’འདུ་འགོད་སྤྱིར་ན་ལེགས་གྲུབ་བྱུང་བ། གྲྭ་བཙུན་ལ་སྨན་བཅོས་འགན་བཅོལ་དང་རྒན་གསོའི་འགན་བཅོལ་བྱེད་ཚད་100%ཟིན་ཡོད། ད་ཆ་ང་ཚོ་དང་གྲྭ་བཙུན་ཚང་མ་གྲོགས་པོ་ཡག་པོར་གྱུར་ཡོད ”ཅེས་ཞུས་པ་རེད།
ཁྲེན་ཆོན་གོས་ཁོང་ཚོར “ཁྱེད་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲྭ་བཙུན་གྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་པར་བྱས་ཡོད། བློ་མཐུན་ཚོས་ཡང་འབད་བསྐྱར་འབད་བྱེད་པ་དང་དགོན་སྡེར་བཅའ་སྡོད་ཀྱི་ལས་དོན་ཁག་རྒྱུན་འཁྱོངས་ལྷོད་མེད་ངང་ཡག་པོ་བསྒྲུབས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་གྱི་སྒྲིག་ལམ་སྲུང་བ་དང་། རྒྱ་ཆེའི་གྲྭ་བཙུན་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བ་བཅས་བྱེད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད ”ཅེས་གསུངས་པ་རེད།
བླ་མ་གླིང་དགོན་པར་ཁྲེན་ཆོན་གོས་དགེ་འདུན་པ་པད་མ་འཕྲིན་ལས་སོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས “ཚང་མས་དགོན་སྡེར་བཅའ་སྡོད་ལས་བྱེད་པར་དགའ་བསུ་ཞུའམ་མི་ཞུ། ཁྱེད་ཚོ་ཞི་མཐུན་དཔེ་བཟང་དགོན་སྡེར་བདམས་ཡོད་དམ། བྱ་དགའི་དངུལ་དོན་འཁྱོལ་བྱས་སོང་ངམ ”ཞེས་དྲིས་པ་རེད།
པད་མ་འཕྲིན་ལས་ཀྱིས “དགའ་བསུ་ཆེན་པོ་ཞུ་གི་ཡོད། ཁོང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱེད་ཐབས་ཚང་མ་དོན་འཁྱོལ་གནང་བྱུང་། ང་ཚོར་དཀའ་ངལ་དངོས་མང་པོ་ཞིག་སེལ་ཞིང་། ང་ཚོའི་དགོན་པའང་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ཞི་མཐུན་དཔེ་བཟང་དགོན་སྡེར་བདམས་པ་དང་བྱ་དགའི་དངུལ་ཚང་མ་ཡང་དོན་འཁྱོལ་གནང་བྱུང ”ཞེས་ཞུས་པ་རེད།
ཁྲེན་ཆོན་གོས “ཁྱེད་ཚོར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁྱེད་ཚོས་ད་ཆའི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་དེར་གཅེས་སྤྲས་བྱས་ཏེ་བློ་རྩེ་གཅིག་སྒྲིམ་གྱི་སྒོ་ནས་མུ་མཐུད་སྒྲུབ་པ་རྒྱག་པ་དང་རྟོགས་པ་མཐོ་རུ་གཏོང་བ་དང་འབྲེལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན་བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་དང་མཉམ་དུ་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་མཐུན་སྒྲིལ་དང་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲུང་སྐྱོང་ཡག་པོ་བྱ་རྒྱུའི་རེ་བ་ཡོད ”ཅེས་གསུངས་པ་རེད།
པད་མ་འཕྲིན་ལས་ཀྱིས་སེམས་འགུལ་ཐེབས་བཞིན་པའི་ངང “བོད་རིགས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཁོངས་མི་ཞིག་ཡིན་ལ་གྲྭ་བཙུན་ཡང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་པས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་དེ་ང་ཚོས་ཟབ་མོ་ཤེས་ཀྱི་འདུག ད་ཆ་ཏང་དང་སྲིད་གཞུང་གིས་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་ཡག་པོ་གནང་བ་མ་ཟད། ང་ཚོར་དངོས་ཡོད་ཀྱི་དཀའ་ངལ་མང་པོ་ཐག་གཅོད་གནང་བས་ང་ཚོས་ངེས་པར་དུ་བློ་རྩེ་གཅིག་སྒྲིམ་གྱི་སྒོ་ནས་སྒྲུབ་པ་རྒྱག་པ་དང་། རྟོགས་པ་མཐོ་རུ་གཏོང་བ། ཞི་མཐུན་ལ་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གྱི་མིག་དཔེ་ཞིག་བྱས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ལ་དྲིན་ལན་འཇལ་རྒྱུ་ཡིན ”ཞེས་བཤད་པ་རེད།
དེ་རྗེས་ཁྲེན་ཆོན་གོ་ཉིང་ཁྲི་རྫོང་བུ་ཆུ་ཤང་སྤྲིན་འཁོར་གྲོང་ཚོར་ཕེབས་ཏེ་གཞི་རིམ་ལས་བྱེད་མང་ཚོགས་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པར་བྱམས་བརྩེའི་ངང་གཟིགས་ཤིང་། གྲོང་ཚོ་ཨུ་ལྷན་དུ་ཁྲེན་ཆོན་གོས་ཚང་མ་དང་མཉམ་དུ་གླེང་མོ་གནང་བ་རེད། ཁོང་གིས “ལས་དོན་རུ་ཁག་ལ་ཁྱོན་མི་ག་ཚོད་ཡོད་དམ། མང་ཚོགས་ལ་དོན་དངོས་གང་སྒྲུབ་ཡོད་དམ ”ཞེས་དྲིས། གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ལིའུ་ལི་ཧྲ་ཡིས “ང་ཚོའི་ལས་དོན་རུ་ཁག་ལ་མི་4ཡོད་པ་དང་གྲོང་ཚོར་བཅའ་སྡོད་བྱས་ཚུན་ང་ཚོས་དུད་ཚང་མི་རེ་ངོ་རེར་རྟོག་ཞིབ་བྱས་པ་བརྒྱུད་མི་སེར་གྱི་དངོས་ཡོད་དཀའ་ངལ་ཤེས་རྟོགས་བྱུང་བས་ཁོང་ཚོར་ཞིང་ཁའི་ལྕགས་དྲ་ཉོ་རོགས་བྱས་པ་དང་འབྲེལ་གྲོང་ཚོའི་ནང་ཕྱེ་འཐག་འཕྲུལ་འཁོར་ཉོས་པའི་ཐོག་ད་ཆ་གྲོང་ཚོའི་གསོ་ཚགས་མཉམ་ལས་ཁང་འཛུགས་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད ”ཅེས་བཤད་པ་རེད།
ཁྲེན་ཆོན་གོས “ཁྱེད་ཚོས་ལས་ཀ་ཡག་པོ་བསྒྲུབས་འདུག མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུས་ཚེ་གཞི་ནས་མང་ཚོགས་དང་ཉེ་བཅར་ཐུབ་པ་དང་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཀྱི་རེད། ཁྱེད་ཚོས་གཞི་རིམ་གྱི་ས་གཞི་ཆེ་མོ་དེའི་ཐོག་སྦྱོང་བརྡར་ནན་ཏན་བྱེད་པ་དང་ཏན་ཏན་ཏིག་ཏིག་གི་སྒོ་ནས་ལས་དོན་སྒྲུབ་སྟེ་མི་རིགས་ཁག་གི་མང་ཚོགས་ཚོར་ཕན་པ་ཐོབ་པ་བྱེད་པ་དང་འབྲེལ་རང་ཉིད་ཀྱི་འཇོན་ཐང་ཡང་འཕེལ་བ་བྱ་རྒྱུའི་རེ་བ་ཡོད ”ཅེས་གསུངས་པ་རེད།
ཁྲེན་ཆོན་གོས་སྤྲིན་འཁོར་གྲོང་ཚོས་ཏང་ཡོན་གསར་པ་གསོ་སྦྱོང་བྱེད་པ་དང་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས “ཏང་ཡོན་གཅིག་ནི་དར་ཆ་གཅིག་ཡིན་པ་དང་ང་ཚོས་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་བརྟན་པོ་དང་། ཏང་གཅེས་རྒྱལ་གཅེས། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང། ཕྱུག་འགྱུར་གྱི་འཇོན་ཐང་ཆེ་བ་བཅས་ཀྱི་སྔོན་ཐོན་པ་ཏང་རྩ་འཛུགས་ནང་བསྡུ་དགོས། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་ངེས་པར་དུ་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རང་ཉིད་ཕྱུག་པོ་ཆགས་པ་དང་དུས་མཚུངས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་རྒྱུར་རོགས་རམ་བྱས་ནས་ཁྱིམ་ཚང་ཚང་མར་རྣམ་གྲངས་ཡོད་པ་དང་། མི་ཚང་མར་ལས་ཀ་བྱ་རྒྱུ་ཡོད་པ། ཉིན་ལྟར་ཡོང་འབབ་ཡོད་པ་བཅས་རིམ་གྱིས་སྒྲུབ་ཐུབ་པ་བྱེད་དགོས ”ཞེས་གསུངས་པ་རེད།
གྲོང་མི་ཤི་ལོག་སྒྲོལ་མའི་ཁྱིམ་དུ་ཁྲེན་ཆོན་གོས་འབྲུ་མཛོད་ཁང་དུ་ཕེབས་ཏེ་འབྲུ་རིགས་ག་ཚོད་གསོག་ཉར་བྱས་མིན་དང་འབྲུ་རིགས་ཀྱི་རིན་གོང་བཀའ་འདྲི་གནང་བ་དང་། ཐབ་ཚང་དུ་ཕེབས་ནས་སོལ་རླངས་དང་འཁྱགས་སྒམ་ལ་གཟིགས་པ། ཚོང་ཁང་ནང་ཕེབས་ནས་གོང་ཚད་དང་ཡོང་འབབ་བཀའ་འདྲི་གནང་སྟེ་ཁྱིམ་ཚང་གི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། ཡངས་ཤིང་རྒྱ་ཆེ་བའི་ཚོམས་ཆེན་ནང་ཁྲེན་ཆོན་གོས་ཤི་ལོག་སྒྲོལ་མ་དང་བཀའ་མོལ་གནང་སྟེ “ཁྱིམ་དུ་མི་ག་ཚོད་ཡོད་དམ། ཡོང་འབབ་ཡག་པོ་འདུག་གམ། ཁྱིམ་དུ་དཀའ་ངལ་གང་ཡོད་དམ ”“ངའི་ཁྱིམ་དུ་མི་བདུན་ཡོད། ཕྲུ་གུ་གཉིས་སློབ་གྲྭ་ཆེ་མོ་ཐོན་ནས་གཅིག་དགེ་རྒན་དང་གཅིག་གཞུང་ཞབས་པ་ཡིན། ཚོང་ཁང་ནས་ཟླ་རེའི་ཁེ་གཙང་ཡོང་འབབ་སྒོར་1000ལྷག་ཙམ་ཡོང་གི་འདུག ང་ཚོའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད་པས་དེ་ཚོ་ཚང་མ་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན ”
ཁྲེན་ཆོན་གོས “བློ་མཐུན་མའོ་ཙེ་ཏུང་དང་བློ་མཐུན་ཏེང་ཞའོ་ཕིང་། བློ་མཐུན་ཅང་ཙེ་མིན་བཅས་ཀྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་གནང་བས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ངེས་པར་དུ་ཏང་གི་བཀའ་དྲིན་ནམ་ཡང་ཚོར་བ་དང་ཏང་གི་རྗེས་སུ་འབྲངས་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་དགོས། ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གུང་ཁྲན་ཏང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་སྐྱོད་ཚེ་ང་ཚོའི་འཚོ་བ་ཇེ་ཡག་ཏུ་འགྲོ་ངེས་ཡིན ”ཞེས་གསུངས་པ་རེད།
ཤི་ལོག་སྒྲོལ་མའི་ཁྱིམ་ནས་ཐོན་རྗེས་གཏམ་བཟང་ཐོས་པའི་མང་ཚོགས་ཚོས་རང་འགུལ་ངང་ཚུར་རུབ་སྟེ་ཏང་གི་བཀའ་དྲིན་བརྗོད་པ་དང་འབྲེལ་ཐུགས་རྗེ་ཆེ་ཞུ་ལུགས་ཀྱང་མཚོན་པ་བྱས། ཁྲེན་ཆོན་གོས་ཡུལ་མི་ཚོར་བྱམས་བརྩེའི་ངང་ཕྱག་གཡུག་གཡུག་གནང་ནས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣