བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་7ཚེས་8ཉིན་གྱི་སྔ་དྲོ་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་སྤྲོ་འཆམ་དཔེ་གསར་གླིང་དང་ཁུལ་དང 《རྒྱ་བཟའ་ཀོང་ཇོ 》ཞེས་པའི་ཡུལ་ལྗོངས་དངོས་ཀྱི་འཁྲབ་སྟོན་རྣམ་གྲངས་དང་། ལྷ་ས་སྐྱིད་ཆུའི་མཛེས་ལྗོངས་ལས་གྲྭ ཚེ་མཆོག་གླིང་ཟམ་ཆེན་རྣམ་གྲངས་ཀྱི་རྩིག་རྨང་འདིང་བའི་མཛད་སྒོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་ཚེ་མཆོག་གླིང་གྲོང་ཚོའི་བུམ་པ་རིའི་གཤམ་དུ་གཉེར་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རྣམ་གྲངས་ཀྱི་རྩིག་རྨང་འདིང་ཆེད་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཡོད་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་གིས་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་སྤྲོ་འཆམ་དཔེ་གསར་གླིང་དང་ཁུལ་དང 《རྒྱ་བཟའ་ཀོང་ཇོ 》ཞེས་པའི་ཡུལ་ལྗོངས་དངོས་ཀྱི་འཁྲབ་སྟོན་རྣམ་གྲངས་དང་། ལྷ་ས་སྐྱིད་ཆུའི་མཛེས་ལྗོངས་ལས་གྲྭ ཚེ་མཆོག་གླིང་ཟམ་ཆེན་རྣམ་གྲངས་དངོས་སུ་སྐྲུན་འགོ་ཚུགས་པ་དང་རྩིག་རྨང་བཏིང་བའི་ཁྱབ་བསྒྲགས་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་པ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཏུང་ཡུན་ཧུའུ་དང་། ཤིང་རྩ་བསྟན་འཛིན་ཆོས་གྲགས། རྡོ་ཐོགས། བློ་བཟང་རྡོ་རྗེ་བཅས་རྩིག་རྨང་འདིང་བའི་མཛད་སྒོར་ཞུགས་ཡོད་པ་རེད།
ཁྲེན་ཆོན་གོའི་རྟེན་འབྲེལ་གློག་འཕྲིན་ནང་ལྗོངས་ཡོངས་ཀྱི་གོང་འོག་ཏུ་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་བའི་དུས་སྐབས་གསར་པའི་འོག་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་སྤྲོ་འཆམ་དཔེ་གསར་གླིང་དང་ཁུལ་དང་ཡུལ་ལྗོངས་དངོས་ཀྱི་འཁྲབ་སྟོན་ཆེ་གྲས 《རྒྱ་བཟའ་ཀོང་ཇོ 》ཞེས་པའི་རྣམ་གྲངས་ཀྱི་ལས་གྲྭའི་རྩིག་རྨང་དངོས་སུ་བཏིང་བ་རེད། ངས་རང་སྐྱོང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་སྤྲོ་འཆམ་དཔེ་གསར་གླིང་དང་ཁུལ་དང་ཡུལ་ལྗོངས་དངོས་ཀྱི་འཁྲབ་སྟོན་ཆེ་གྲས 《རྒྱ་བཟའ་ཀོང་ཇོ 》ཞེས་པའི་རྣམ་གྲངས་སྐྲུན་པ་དེ་ནི་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཤིག་དང་། ལྗོངས་ཡོངས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་བ་དང་ཐོན་ལས་གསུམ་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བའི་དམ་འཛིན་བྱེད་གཞི་ནུས་ལྡན་ཞིག བོད་མི་རིགས་ཀྱི་ཁྱད་ལྡན་རིག་གནས་རྒྱུན་འཛིན་བྱེད་པ་དང་དར་སྤེལ་གཏོང་བའི་སྟེགས་བུ་བཟང་པོ་ཞིག ལྷ་ས་འདི་ཉིད་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་གྲོང་ཁྱེར་ལ་འཛུགས་སྐྲུན་བྱེད་པ་དང་བོད་ལྗོངས་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་སྤྲོ་འཆམ་བྱེད་ས་གལ་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཞིབ་ཕྲའི་ལག་ལེན་ཞིག་བཅས་ཡིན་པས་དོན་སྙིང་གལ་ཆེ་ལ་གཏིང་ཟབ་པོ་ལྡན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
ཁྲེན་ཆོན་གོས་རྟེན་འབྲེལ་གློག་འཕྲིན་ནང་ལྷ་ས་གྲོང་ཁྱེར་དང་འབྲེལ་ཡོད་སྡེ་ཚན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། སྒྲིག་འཛུགས་དང་འགོ་ཁྲིད་དོན་འཁྱོལ་དང་། ལས་ཀའི་བྱེད་ཐབས་དོན་འཁྱོལ། ལས་འགན་ལེགས་སྒྲུབ་དོན་འཁྱོལ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལྗོངས་ཡོངས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས། གླིང་དང་ཁུལ་འཛུགས་སྐྲུན་ཇུས་འགོད་ཞིབ་ཚགས་དང་། བཀོད་སྒྲིག་ཞིབ་ཚགས། ཨར་ལས་ཞིབ་ཚགས། ཚོང་འགུག་ཞིབ་ཚགས། དོ་དམ་ཞིབ་ཚགས་བཅས་བྱས་ནས་གོམ་གང་མདུན་སྤོས་ཀྱིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཁུལ་དང་། རིག་གནས་སྒྲིག་གཞི་སྒྱུར་བཅོས་ཀྱི་སྔོན་སྐྱོད་ཁུལ། རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་འབྱུང་ཁུངས་ཁུལ། ཡུལ་སྐོར་སྤྲོ་འཆམ་ཐོན་ལས་སྟོབས་ཆེར་གཏོང་བའི་གསོན་ཤུགས་ཁུལ་བཅས་སུ་དངོས་འབྲེལ་འགྱུར་བ་བྱེད་དགོས་ཤིང་། ཡུལ་ལྗོངས་དངོས་ཀྱི་འཁྲབ་སྟོན་གྱིས་ཇུས་འགོད་རྩེ་གྲ་དང་། གསར་སྤེལ་གཏིང་ཟབ། ཐུམ་སྒྲིལ་གཉེར་ཚོང་། གཟུགས་བཪྙན་དྲིལ་བསྒྲགས་བཅས་བྱེད་པ་བརྒྱུད་རྒྱལ་ཁབ་ཕྱི་ནང་དུ་འགྲན་རྩོད་ནུས་པ་ཆེ་ཙམ་ཡོད་པའི་རིག་གནས་སྤུས་རྟགས་དང་། རིག་གནས་ཐོན་ཟོག རིག་གནས་སྣེ་འདྲེན་བཅས་སུ་གསར་སྤེལ་སྐྱེད་སྲིང་བྱས་ཏེ་གོམ་གང་མདུན་སྤོས་ཀྱིས་བོད་ཀྱི་རིག་གནས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཚད་ཆེ་རུ་བཏང་ནས་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཆེ་དགྲ་ལྷས་ཤིས་ཚིག་གསུང་སྐབས་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་སྤྲོ་འཆམ་དཔེ་གསར་གླིང་དང་ཁུལ་དང 《རྒྱ་བཟའ་ཀོང་ཇོ 》ཞེས་པའི་ཡུལ་ལྗོངས་དངོས་ཀྱི་འཁྲབ་སྟོན་རྣམ་གྲངས་དང་། ལྷ་ས་སྐྱིད་ཆུའི་མཛེས་ལྗོངས་ལས་གྲྭ ཚེ་མཆོག་གླིང་ཟམ་ཆེན་གྱི་རྣམ་གྲངས་དངོས་སུ་སྐྲུན་འགོ་བཙུགས་པ་དང་རྩིག་རྨང་འདིང་བ་དེ་ནི་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པ་དེ་ཐོག་ནས་ལྷ་སའི་རིག་གནས་ཡུལ་སྐོར་སྤྲོ་འཆམ་ཐོན་ལས་དེ་ཉིད་རིམ་པ་དེ་བས་མཐོ་བ་ཞིག་དང་འཕེལ་རྒྱས་ཀྱི་དུས་མཚམས་དེ་བས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་སྤྲོ་འཆམ་དཔེ་གསར་གླིང་སྐྲུན་པ་དེ་ནི་ལྷ་ས་གྲོང་ཁྱེར་གྱིས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ། ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པ་དང་ལྟེ་བའི་གྲོང་ཁྱེར་གྱི་ཨང་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། “རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་ཡོང་བ་དང་ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་འགྱུར་བ་བྱེད་པའི ”འཐབ་ཇུས་འདོན་སྤེལ་གང་ལེགས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་བའི་དམ་འཛིན་བྱེད་གཞི་གལ་ཆེན་ཞིག་དང་ཤུགས་རྒྱག་ས་གལ་ཆེན་ཞིག་ཀྱང་ཡིན། ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་སྲིད་གཞུང་གིས་དཔེ་གསར་གླིང་དང་ཁུལ་སྐོར་ཧྲུའུ་ཅི་ཁྲེན་ཆོན་གོས་བཏོན་པའི “དོན་འཁྱོལ་གསུམ ”གྱི་བླང་བྱར་གཞིགས་ནས་ཇུས་འགོད་ཞིབ་ཚགས་དང་། བཀོད་སྒྲིག་ཞིབ་ཚགས། ཨར་ལས་ཞིབ་ཚགས། ཚོང་འགུག་ཞིབ་ཚགས། དོ་དམ་ཞིབ་ཚགས་བཅས་བྱེད་པ་དང་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་སྤྲོ་འཆམ་དཔེ་གསར་གླིང་དང་ཁུལ་དེ་ཉིད་ཕུལ་བྱུང་རིག་གནས་སྲུང་སྐྱོང་བྱ་ཡུལ་དང་། རིག་གནས་སྒྲིག་གཞི་སྒྱུར་བཅོས་ཀྱི་སྔོན་སྐྱོད་པ། རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་འབྱུང་ཁུངས། ཡུལ་སྐོར་སྤྲོ་འཆམ་ཐོན་ལས་སྟོབས་ཆེར་འགྲོ་བའི་གསོན་ཤུགས་ཁུལ་བཅས་སུ་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་པ་རེད།
དགའ་སྤྲོ་འཁོལ་བའི་རོལ་མོའི་སྒྲ་དང་རྟེན་འབྲེལ་མེ་སྒྱོགས་ཀྱི་སྒྲའི་ཁྲོད་དུ་རྩིག་རྨང་འདིང་བའི་མཛད་སྒོར་ཞུགས་མཁན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་གྱིས་ལྷན་དུ་རྨང་རྡོ་བཏིང་བ་རེད། རྣམ་གྲངས་ལ་མ་དངུལ་གཏོང་མཁན་ཕྱོགས་དང་འཛུགས་སྐྲུན་བྱེད་མཁན་ཕྱོགས་ཀྱི་འཐུས་མི་དང་ས་གནས་དེ་གའི་མང་ཚོགས་ཀྱི་འཐུས་མིས་རྩིག་རྨང་འདིང་བའི་མཛད་སྒོའི་ཐོག་སོ་སོར་གཏམ་བཤད་བྱས་པ་རེད།
རྩིག་རྨང་འདིང་བའི་མཛད་སྒོར་ཞུགས་མཁན་གྲས་སུ་ད་དུང་རྣམ་གྲངས་ཇུས་འགོད་པ་དང་། འཛུགས་སྐྲུན། ཨར་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་གྱི་འཐུས་མི། མ་འཇོག་ཁེ་ལས་ཀྱི་འཐུས་མི་བཅས་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་དང་ས་གནས་དེ་གའི་མང་ཚོགས་ཀྱི་འཐུས་མི་སོགས་ཡོད་པ་རེད།